ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་བརྗོད་དོན་སློབ་གསོ་སྤེལ།
2023.08.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 48

ད་ལོར། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ཏང་ཨུ་ཡིས་རང་རྟོགས་སྒོས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་དེ་བརྗོད་དོན་སློབ་གསོའི་གྲུབ་འབྲས་ཚད་ལེན་བྱེད་པའི་གཞི་རྩ་རུ་འགྱུར་བར་བྱས་ཏེ། ལྟ་སྐུལ་དོ་དམ་ཁོངས་གཏོགས་ཀྱི་ཁེ་ལས་སོ་སོ་སྐུལ་སློང་བྱས་ནས་ལས་རྐང་སྔོག་འདོན་དང་། གདན་འགུག་གཞི་རྒྱ་ཆེ་རུ་བསྐྱེད་ནས། བསྡོམས་པས་སྤུས་ལེགས་ལས་ཞུགས་ལས་གནས་བདུན་བརྒྱ་ལྷག་འདོན་སྤྲོད་བྱས་པས། དོན་དངོས་འགུལ་སྐྱོད་ཀྱིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སྤུས་ཚད་མཐོ་བའི་སྒོ་ནས་ལས་ཞུགས་བྱེད་པར་ནུས་ཤུགས་གང་ཡོད་བཏོན།

དམིགས་འབེན་ལས་འགན་དོན་འཁྱོལ་ཡོང་བར་ཁག་ཐེག་བྱེད་ཆེད། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ཏང་ཨུ་ཡིས་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་སྔར་ལས་བཟང་པོ་བྱེད་པའི་སྐོར་གྱི་བརྡ་སྦྱོར་པར་འགྲེམས་བྱས་ཏེ། མིག་སྔའི་མི་བཀོལ་དགོས་མཁོ་དང་འཇོན་མི་གྲབས་གསོག་ལ་གཅིག་འདོམས་དང་། དུས་སྐབས་སྔོན་མར་སློབ་རའི་འཇོན་མི་བསྡུ་བའི་བྱ་འགུལ་ལ་ཧུར་ཐག་གིས་ཞུགས་པའི་རྨང་གཞིའི་སྟེང་། མྱུར་མཁོའི་ལས་རྐང་གསར་སྤེལ་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་བ་དང་། ལས་ཞུགས་ཀྱི་ཤོང་རྒྱ་ཆེ་རུ་བསྐྱེད་ནས། མཐོ་རིམ་སློབ་གྲྭའི་མཐར་ཕྱིར་སློབ་མར་སྔར་ལས་མང་བའི་ལས་ཞུགས་གོ་སྐབས་དང་ལས་གནས་ཐོན་ཁུངས་འདོན་སྤྲོད་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་མཐོ་རིམ་མཐར་ཕྱིན་སློབ་མ་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་བའི་ཆེད་དོན་བཀོད་སྒྲིག་གྲོས་ཚོགས་ཀྱི་དགོངས་དོན་དང་། མཚོ་སྔོན་ཞིང་ཆེན་གྱི་ལས་ཞུགས་བརྟན་པོར་གཏོང་བའི་སྲིད་ཇུས་ལེགས་སྒྲིག་ཞིབ་ཚགས་ཅན་དང་ནུས་ཤུགས་ཡོད་དགུས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམངས་ཚིས་བྱེད་ཐབས་འགའ་ཞེས་པའི་བླང་བྱ་ལག་བསྟར་དང་དངོས་འབེབས་ཟབ་མོ་བྱེད་ཆེད། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་སློབ་ཆེན་དང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཏང་ཨུ་དང་མཉམ་འབྲེལ་སྒོས་བྱ་བའི་ཇུས་གཞི་དཔར་འགྲེམས་བྱས་ཏེ། རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་ཀྱི2023ལོའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་དབྱར་དུས་ཀྱི་ལས་ཞུགས་གདན་འགུག་བྱ་འགུལ་ཕྱོགས་ཡོངས་ནས་སྤེལ་མགོ་བརྩམས་པ་མ་ཟད། བྱ་འགུལ་དེར་ལྟ་སྐུལ་དོ་དམ་གྱི་ཁེ་ལས་བརྒྱད་ཀྱིས་ཕྱིར་ལན་ཐོབ་པ་དང་། བསྡོམས་པས་ལས་གནས་བཞི་བརྒྱ་ལྔ་བཅུ་ལྷག་འདོན་སྤྲོད་བྱས་ཡོད།

ཐོན་ལས་ཀྱི་གནས་བཞི་བསྐྲུན་པར་འཇོན་མིའི་འདེགས་སྐྱོར་མཁོ་སྤྲོད་བྱེད་ཆེད། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། ཞིང་ཆེན་འཇོན་མི་གཞུང་སྒྲུབ་ཁང་གི་མཛུབ་སྟོན་དང་རྒྱབ་སྐྱོར་འོག  ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ཏང་ཨུ་ཡིས་དུས་རབས་གསར་བར་ཞིང་ཆེན་ཁོངས་གཏོགས་ཀྱི་རྒྱལ་དབང་ཁེ་ལས་ཀྱིས་འཇོན་མིའི་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་སྒྱུར་བཅོས་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར་ཞེས་པ་འགྲེམས་སྤེལ་བྱས་ཏེ། འཇོན་མི་ནང་འདྲེན་དང་། རང་ངོས་གསོ་སྐྱོང་། ཐོན་ལས་གསོ་སྐྱོང། ཐོན་ཁུངས་སྡེབ་སྒྲིག  འཇོན་མིའི་དཔྱད་འཇོག  ཞབས་ཞུ་འགན་སྲུང་སོགས་ཀྱི་ཐད་གཞི་རྩའི་བྱེད་ཐབས་དང་སྲིད་ཇུས་ཁ་གསལ་བཏོན།

གོ་རིམ་རྗེས་མར། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ཏང་ཨུས་ལྟ་སྐུལ་དོ་དམ་ཁོངས་གཏོགས་ཀྱི་ཁེ་ལས་སོ་སོས་དངོས་ཡོད་དགོས་མཁོར་རྐང་འཛུགས་པར་སྣེ་ཁྲིད་བྱས་ཏེ། རིགས་དང་རིམ་པ་བགར་ནས་འཇོན་མི་གསོ་སྐྱོང་དང་། དཔྱད་འཇོག  བཀོལ་སྤྱོད་དང་ཡར་སྐུལ་ལམ་ལུགས་བཅོས་སྒྱུར་དང་གསར་གཏོད་བྱས་ནས།  འཇོན་མི་གསོ་སྐྱོང་དང་ཐོན་ལས་འཕེལ་རྒྱས་མཐུན་སྦྱོར་མཉམ་སྐྱོང་བྱེད་པའི་མ་ལག་འཛུགས་རྒྱུ་མ་ཟད། རྒྱལ་དབང་མ་རྩའི་ཤུགས་རྐྱེན་ནུས་པ་དང་། སྐུལ་ཁྲིད་ནུས་ཤུགས་འདོན་སྤེལ་གང་ལེགས་བྱེད་པ། ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་དངོས་དགོས་མཁོར་དམིགས་ཏེ། ལས་ཞུགས་ལས་གནས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་པ་དང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིར་སློབ་མ་བསྡུ་བའི་གཞི་རྒྱ་ཆེ་རུ་བསྐྱེད་ནས། རང་ཞིང་གི་ལས་ཞུགས་སྤྱི་ཡོངས་རྒྱུན་མཐུད་བརྟན་པོ་ཡོང་བར་སྔར་ལས་ལྷག་པའི་སྟོབས་ཤུགས་འབུལ་རྒྱུ་རེད།

                                                                                              རིག་འཛིན་སྒྲོལ་མས་བསྒྱུར།