ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་བརྗོད་དོན་སློབ་གསོ་སྤེལ།
2023.09.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 55

ཟླ་དགུ་པའི་ཚེས་བཅུ་གཅིག་ཉིན། གསར་འགོད་པས་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་སྨན་བཅོས་འགན་སྲུང་ལ་ཞུགས་མཁན་གྱིས་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་དཀའ་གནད་ལ་དམིགས་ཏེ། ཡུལ་གཞན་ནས་སྨན་བཅོས་བྱེད་ན་ཐད་ཀར་རྩིས་སྤྲོད་ཞབས་ཞུ་ལེགས་སྒྱུར་བྱས་པ་དང་། མིག་སྔར། ཞིང་ཆེན་ཡོངས་ཀྱི་ངེས་གཏན་སྨན་བཅོས་ལས་ཁུངས་ཀྱིས་སྤྱིར་བཏང་སྒོ་བསྟེན་སྨན་ཁང་གི་སྨན་རིན་ཡུལ་གཞན་ནས་རྩིས་སྤྲོད་བྱེད་ཆོག་པར་བྱས་ཡོད།

སྤྱིར་བཏང་གི་སྒོ་བསྟེན་སྨན་ཁང་གི་འགྲོ་སོང་ཞིང་ཆེན་བརྒལ་ནས་ཐད་ཀར་རྩིས་སྤྲོད་བྱེད་པར་སྐུལ་འདེད་གཏོང་ཆེད། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས“ཨང་རིས་བཤེར་ནས་སྒྲུབ་པ”དང་“འཕྲལ་དུ་སྒྲུབ་པ”སོགས་ཀྱི་བྱེད་ཐབས་སྤྱད་དེ། སྨན་བཅོས་འགན་སྲུང་ལ་ཞུགས་མཁན་གྱིས་ཡུལ་གཞན་ནས་སྨན་བཅོས་བྱེད་པར་སྔར་ལས་ལྷག་པའི་བྱེད་ནུས་ཐོན།

ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ཏེ། ཐོ་འགོད་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་བསྐྱེད།  སྨན་བཅོས་འགན་སྲུང་ལ་ཞུགས་མཁན་གྱིས་རྒྱལ་ཁབ་ཡུལ་གཞན་སྨན་བཅོས་ཐོ་འགོད་ཀྱི་འཕྲིན་ཕྲན་ལས་རིམ་ཆུང་གྲས་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་མགྲོན་སྣེ་ཆུང་གྲས། མཚོ་སྔོན་སྨན་བཅོས་འགན་སྲུངApp   12345ཁ་པར་ཐོ་འགོད་དང་སྨན་བཅོས་འགན་སྲུང་ལ་ཞུགས་སའི་འགྲོ་ལུགས་སྒྲུབ་ས་སོགས་དྲ་ཐོག་དང་ཡུལ་དངོས་རྣམ་པས་ཡུལ་གཞན་སྨན་བཅོས་ཐོ་འགོད་ཀྱི་འགྲོ་ལུགས་སྒྲུབ་ཐུབ།

2023ལོའི་ཟླ་དང་པོ་ནས་ཟླ་བརྒྱད་པའི་བར་དུ། རང་ཞིང་གི་སྨན་བཅོས་འགན་སྲུང་ལ་ཞུགས་མཁན་གྱིས་ཞིང་ཆེན་བརྒལ་ནས་སྨན་བཅོས་ཐོ་འགོད་བྱེད་པའི་མི་གྲངས་འབུམ་གཅིག་དང་ཁྲི་ལྔ་སྟོང་དགུ་བདུན་བརྒྱ་ལ་སླེབས་པ་དང་། དེའི་ཁྲོད་ཞིང་ཆེན་བརྒལ་ནས་ཡུན་རིང་སྡོད་པའི་ཐོ་འགོད་མི་གྲངས་ཁྲི་བདུན་སྟོང་བརྒྱད་དང་བརྒྱད་བརྒྱར་སླེབས། ཞིང་ཆེན་བརྒལ་ནས་གནས་སྐབས་སྨན་བཅོས་བྱེད་པའི་ཐོ་འགོད་མི་གྲངས་ཁྲི་བརྒྱད་དང་དགུ་བརྒྱ་ལ་སླེབས་ཡོད་པས། ཐད་ཀར་རྩིས་སྤྲོད་བྱེད་ཚད་བསྟུད་མར་ཇེ་མཐོར་སོང་།

ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་རྒྱུན་མཐུད་ཤུགས་སྣོན་བྱས་ཏེ། གཞི་གྲངས་ལྟེ་གནས་བཙུགས་ནས་བཀོལ་སྤྱོད་དང་།  ཞིང་ཆེན་ནང་ཁུལ་གྱི་ཡུལ་གཞན་སྨན་བཅོས་ཐོ་འགོད་དང“གཏན་ཁེལ་གཉིས”ཀྱི་ལས་ཁུངས་ཕན་ཚུན་ངོས་འཛིན་རྐྱེན་སྲོལ་ཕྱོགས་ཡོངས་ནས་མེད་པར་བྱས། “ཞིང་ཆེན་ཡོངས་ལ་བྱང་བུ་གཅིག་དང་། ཞིང་ཆེན་ནང་ཁུལ་ཁྱད་མེད་ཡོང་བ”མངོན་འགྱུར་བྱས་ནས། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་སོ་གཅིག་གི་སྨན་བཅོས་ལས་ཁུངས་ཁྲི་བདུན་དང་སྟོང་དྲུག་ཉིས་བརྒྱ་ལྷག་གིས་ཡུལ་གཞན་སྨན་བཅོས་ཀྱི་ཐད་ཀར་རྩིས་སྤྲོད་བྱེད་ཆོག་པར་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།