ཉེ་ལམ། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་སྤྱི་བདེ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་དངོས་སུ་སྤེལ་བ་ནས་བཟུང་། གུང་ཧོ་རྫོང་སྤྱི་བདེ་ཅུའུ་ཡིས“དགོངས་པ་སློབ་པ་དང་ཏང་གཤིས་བསྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོར་ཆུད་པར་བྱས་ནས། བརྗོད་དོན་སློབ་གསོ་སྤེལ་བ་དང་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་གཉིས་ཟུང་འབྲེལ་ཏན་ཏིག་བྱས་ཏེ། “གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་མུ་མཐུད་གཏིང་ཟབ་ཏུ་སྤེལ་ནས། གནས་སྡོད་ལག་ཁྱེར་གྱི་ལས་སྒོ་གཉེར་བ་དང་དམངས་བདེ་དམངས་ཕན་གྱི་ཞབས་ཞུའི་བྱེད་ཐབས་དངོས་སུ་བཏོན་ཏེ། གུང་ཧོ་རྫོང་གི་མི་སྣའི་འགྲོ་འོང་དོ་དམ་དང་ཞབས་ཞུ་བྱེད་ཤུགས་སྔར་ལས་ཇེ་ཆེར་བཏང་ནས། གནས་ངེས་མེད་མི་གྲངས་ཀྱི་གནས་སྡོད་ལག་ཁྱེར་ཐོ་འགོད་དོ་དམ་བྱེད་ཤུགས་ཇེ་ཆེར་བཏང་སྟེ། མང་ཚོགས་སྔར་ལས་མང་པོས་ལག་ཁྱེར་བསྒྲུབ་པར“ཐེངས་གཅིག་ལས་འགྲོ་མི་དགོས་པར”བྱས།
གནས་སྡོད་ལག་ཁྱེར་ལེན་པ་དང་ལག་ཁྱེར་བརྗེ་ལེན་བྱེད་པར“ཐེངས་གཅིག་ལས་འགྲོ་མི་དགོས་པའི”ཞབས་ཞུའི་བྱེད་ཐབས་གསར་བ་དོན་འཁྱོལ་གང་ལེགས་བྱེད་ཆེད། གུང་ཧོ་རྫོང་གི་བདེ་སྲུང་རུ་ཆེན་གྱིས་ཀུན་གྱི་སྣེ་ཁྲིད་དེ་སྐད་འཕྲིན་ཚོགས་པ་བཙུགས་ནས། ཁོངས་གཏོགས་ཀྱི་མངགས་གཏོང་ཁང་བཅུ་གཉིས་ཀྱིས་ཆེད་མི་མངགས་ནས་ཚོགས་པའི་ནང་བཅུག་ནས་གནས་སྡོད་ལག་ཁྱེར་ལས་དོན་གཉེར་དུ་བཅུག་པ་དང་། “མང་ཚོགས་དངོས་སུ་སྒྲུབ་པར་འགྲོ་དགོས་པ”དེ“གཞི་གྲངས་ཀྱིས་སྒྲུབ་ཆོག་པ་ཅན”དུ་བསྒྱུར་ནས། མང་ཚོགས་རྣམས“ཕར་འགྲོ་ཕྱིར་འོང་བྱེད་པ”ནས“ཐེངས་གཅིག་ལས་འགྲོ་མི་དགོས་པར” བསྒྱུར་ཏེ། མང་ཚོགས་ཀྱི་དུས་ཚོད་གྲོན་ཆུང་གང་ལེགས་བྱས།
དུས་མཚུངས་སུ། གུང་ཧོ་རྫོང་སྤྱི་བདེ་ཅུའུ་ཡི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་སྔ་རྗེས་སུ་གྲོང་ཚོ་དང་སྡེ་ཁུལ། ཁེ་ལས་ཁག དེ་བཞིན་མི་མང་འདུ་ས་བཅས་སུ་དངོས་སུ་བསྐྱོད་དེ། ཁོངས་གཏོགས་ཁུལ་གྱི་མང་ཚོགས་དང་ལས་གཉེར་པར《གནས་སྡོད་ལག་ཁྱེར་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག》དང་དེ་བཞིན་གནས་སྡོད་ལག་ཁྱེར་གྱི་ལས་སྒོ་གཉེར་ནས་དམངས་ཕན་ཞབས་ཞུ་སྒྲུབ་པའི་གནས་ཚུལ་འགྲེལ་བཤད་ཞིབ་ཕྲ་བྱས་པ་དང་། མང་ཚོགས་ཀྱིས་གནས་སྡོད་ལག་ཁྱེར་གཉེར་སྐབས་ཀྱི་ལས་སྒོའི་གནད་དོན་ལ་དུས་ཐོག་ཏུ་ལན་བཏབ་པ་དང་། གནས་ངེས་མེད་ཀྱི་མིས་དོ་དམ་གྱི་སྲིད་ཇུས་གསར་བ་དུས་ཐོག་ཏུ་ཤེས་ཐུབ་པར་འགན་ལེན་བྱས་ནས། ཁོངས་གཏོགས་ཁུལ་གྱི་སྡོད་མིས་གནས་སྡོད་ལག་ཁྱེར་རེ་ཞུ་བྱེད་པར་རོགས་རམ་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།