མཚོ་བྱང་ཁུལ་གྱིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ།
2023.11.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 47

སྐོར་ཐེངས་གཉིས་པའི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་སྐྱེ་ཁམས་ཕྱུགས་ལས་དེ་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བ་དང་། ཐོན་ལས་རིམ་སྤོར་བྱེད་པ། མང་ཚོགས་ཀྱི་ཡོང་སྒོ་མཐོར་འདེགས་གཏོང་བའི་རྩ་བའི་ཐབས་ལམ་དུ་བརྩི་བར་དམིགས་ནས། ཞིང་ཕྱུགས་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་། མཐོ་སྒང་གི་ཁྱད་ལྡན་སྐྱེ་ཁམས་ཕྱུགས་ལས་ཚུལ་སྒྱུར་རིམ་སྤོར་དང་སྤུས་འདེགས་ནུས་སྤེལ་བྱེད་པར་སྐུལ་འདེད་བཏང་སྟེ། སྟོབས་ཤུགས་ཡོད་རྒུས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་སྣེ་ཁྲིད་ས་ཁུལ་འཛུགས་སྐྲུན་བྱས།

མཚོ་བྱང་ཁུལ་གྱིས་མིན་ཡོན་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་ར་བ་དང་མདོ་ལའི་བོད་ལུགས་ཀྲུང་གོའི་ཁྱད་ཆོས་ཀྱི་ཞིང་ལས་ཐོན་རྫས་དགེ་མཚན་ཁུལ། རྐང་ཚ་རྒྱལ་ཁབ་ལྗང་མདོག་ཞིང་ལས་འཕེལ་རྒྱས་སྔོན་བསྐྱོད་ཁུལ། མདའ་བཞི་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་བཅས་འཛུགས་སྐྲུན་བྱེད་པར་དམིགས་ནས། བོད་ལུག་དང་ནོར་གནག ནས། སྐེ་ཚེ། གཟན་རྩྭ་བཅས་ཐོན་ལས་ཆེན་པོ་ལྔའི་དར་སྤེལ་འཆར་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཕྱུགས་ལས་སྐྱེ་ཁམས་བསྒྱུར་བཀོད་དང་ཕྱུགས་རྒྱུད་ལེགས་བཅོས། རྩྭ་ཕྱུགས་མཉམ་འབྲེལ། ཁྱད་ལྡན་སྣེ་ཁྲིད། ཚད་ལྡན་མཐོར་འདེགས་སོགས་བཟོ་སྐྲུན་ཆེན་པོ་བཅུ་ལག་བསྟར་བྱས་ཏེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་བྱེད་ཆེད་རྨང་གཞི་བརྟན་པོ་བཏིངས།

བརྗོད་དོན་སློབ་གསོའི་ཁྲོད། མཚོ་བྱང་ཁུལ་གྱིས་སྐྱེ་ཁམས་ཕྱུགས་ལས་ཐོན་ལས་ཅན་གྱི་ཚོང་གཉེར་དེ་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱེད་པའི་གཡུལ་ས་གཙོ་བོ་རུ་བརྩིས་པ་དང་། སྲིད་ཇུས་དང་ལམ་ལུགས། མ་དངུལ་སོགས་ཕྱོགས་ནས་གནད་ཕིགས་ཤུགས་འདོན་བྱས་ལ། ར་བ་དང་ཁེ་ལས། གཞིས་ཁུལ། དྲ་རྒྱ ཡུལ་སྐོར་བཅས་སྣ་མང་མཉམ་ལས་མཉམ་བསྲེས་ཀྱི་རྣམ་པ་འཚོལ་ཞིབ་བྱས་པ་དང་། དཔེ་སྟོན་ཁུལ་དང་ཚན་རྩལ་ར་བ། ཐོན་ལས་ར་བ་གདངས་འདེགས་རིམ་སྤོར་བྱས་ནས། བོད་ལུག་ཁྲི་ཕྲག་གི་གསོ་སྤེལ་རྟེན་གཞི་གཉིས་བཙུགས་པ་དང་། བོད་ལུག་སྟོང་ལྷག་གི་གཞི་ཁྱོན་གསོ་སྤེལ་རྟེན་གཞི་ཞེ་དྲུག་བཙུགས་ལ། ཞིང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དྲུག་བརྒྱ་དང་སོ་དྲུག་དང་ཁྱིམ་ཚང་ཞིང་ཕྱུགས་ར་བཞི་བརྒྱ་དང་སོ་གཉིས་སྐྱེད་སྲིང་བྱས་པ་དང་། གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ་གོ་བཞི་བཙུགས་ལ། ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས་ཞེ་བཞི་སྐྱེད་སྲིང་བྱས་པ་དང་། རིགས་མི་འདྲ་བའི་ལག་ཡོད་ཕྱུགས་གྲངས་ས་ཡ་གསུམ་དང་འབུམ་དགུ་ཁྲི་ལྔ་ལྷག་ལ་སླེབས་ཤིང་། ལོ་རེའི་ཕྱུགས་ཤའི་སྤྱིའི་ཐོན་ཚད་ཏུན་ཁྲི་ལྔ་ལྷག་ལ་སླེབས་པ་དང་། ནོར་ལུག་བཤས་ཁོངས་སུ་གཏོང་ཚད་དེ་ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་བཅུ་དྲུག་ལྷག་ལ་སླེབས་ལ། ཕྱུགས་ལས་ཐོན་རྫས་ཀྱི་ལས་སྣོན་བསྒྱུར་ཚད་བརྒྱ་ཆའི་དྲུག་ཅུ་ལ་སླེབས་པ་དང་། སྐྱེ་ཁམས་ཕྱུགས་ལས་ཐོན་ལས་ཅན་དང་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ཀྱི་འདེགས་སྐྱོར་ནུས་པ་རྒྱུན་མ་ཆད་པར་ཇེ་མཐོར་སོང་།

མཚོ་བྱང་ཁུལ་གྱིས་མདོ་ལ་རི་བོའི་ཕྱུགས་ར་བཟང་བོའི་ལྗང་མདོག་སྐྱེ་ལྡན་ཕྱུགས་ལས་ཁུལ་ཁོངས་སྤྱི་སྤྱོད་ཚོང་རྟགས་གསར་སྐྲུན་བྱས་པ་དང་། ཁུལ་ཡོངས་ཀྱི་སྤྱི་ཆིང་ས་ཡ་གཅིག་དང་འབུམ་གཅིག་ཁྲི་བརྒྱད་ཀྱི་རང་བྱུང་རྩྭ་ཐང་དང་། བོད་ལུག་དང་ནོར་གནག་ས་ཡ་གཅིག་དང་འབུམ་གསུམ་ཁྲི་དྲུག་ལ་སྐྱེ་ལྡན་ཁས་ལེན་ཐོབ་པ་དང་། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཉིས་བརྒྱ་ལྷག་གསར་སྤེལ་བྱས་ལ། མཚོ་སྔོན་ཞིང་ཆེན་གྱི་ཚོང་རྟགས་མིང་གྲགས་ཅན་བཅུ་གཅིག་ཡོད་པ་དང་། མཚོ་བྱང་ཁུལ་གྱི་མིང་དུ་གྲགས་པའི་ཚོང་རྟགས་གོ་དྲུག་ཡོད་ལ། ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་རྟགས་གཙོ་བོ་འཛུགས་སྐྲུན་ཡོངས་སུ་ཁེབས་པར་བྱས།

རིན་ཆེན་མཚོས་བསྒྱུར།