ས་ཆ་སོ་སོས་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་བརྟན་པོའི་ངང་སྤེལ།
2023.12.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 43

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་སྤེལ་བའི་ཚུན་ལ། ས་གནས་སོ་སོས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་བསྣན་ནས། གནད་དོན་མངོན་གསལ་ཅན་བཅོས་སྒྲིག་བཅོས་སྐྱོང་དམ་འཛིན་ཡག་པོ་བྱས་པ་དང་། དངོས་སྒྲུབ་ལ་བརྟེན་ནས་བརྗོད་དོན་སློབ་གསོ་བརྟན་པོའི་ངང་སྤེལ།

ཁྲུང་ཆིན་གྱིས་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་སྤེལ་བའི་ཁྲོད་དུ། “གཞི་རིམ་དུ་བསྐྱོད་པ”དེ་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ་འཐབ་ཕྱོགས་དང་པོར་བསྐྱོད་ནས། དཀའ་ཁག་དང་གནད་དོན་སེལ་རོགས་བྱས། ཡུས་པེ་ཆུའུ་ཡིས་ད་ཐེངས་ཀྱི་བརྗོད་དོན་སློབ་གསོའི་བརྟག་དཔྱད་བརྒྱུད་རིམ་ཁྲོད། ཁེ་ལས་ཁག་གཅིག་གིས་གཞི་གྲངས་ཅན་གྱི་སྒྱུར་བཀོད་བརྒྱུད་རིམ་ཁྲོད་གནད་ཁེལ་ཆེད་ལས་མཛུབ་སྟོན་བྱེད་ཤུགས་དང་སྲིད་ཇུས་ཀྱི་འགྲེལ་བཤད་རྒྱག་ཤུགས་མི་འདང་བའི་གནད་དོན་ཤེས་རྟོགས་བྱུང་བར་བརྟེན། དེར་དམིགས་ནས་ཆེད་གཉེར་འཛིན་གྲྭ་རྩ་འཛུགས་བྱས་ཏེ། ཆེད་ལས་མི་སྣ་དང་ཆེད་དོན་ལས་གཞིས་ཁེ་ལས་ཀྱི་གནད་དོན་དང་དཀའ་ཁག་ཆེ་ཤོས་སེལ་རོགས་བྱས་པ་དང་། གློག་སྐུད་ཐོན་སྐྱེད་བྱེད་པའི་ཁེ་ལས་དེས་ཁེ་ལས་ཀྱི་ཞབས་ཞུའི་ཆེད་ལས་མི་སྣའི་རོགས་རམ་འོག་ཏུ། རིག་ནུས་བཟོ་སྐྲུན་གྱི་ཕུལ་བྱུང་མཁོ་འདོན་ཚོང་པ་དང་འབྲེལ་མཐུད་བྱས་ནས། ཁེ་ལས་དེར་འཚམ་པའི་རིག་ནུས་མ་ལག་ཅིག་བསྐྲུན་ཏེ། གཞི་གྲངས་ཅན་གྱི་ལས་གཞི་ཉེར་དྲུག་སྒྱུར་བཀོད་བྱས་པ་ལ་བརྟེན་ནས་ཐོན་སྐྱེད་ལས་ཆོད་བརྒྱ་ཆའི་ཉི་ཤུ་ཡིས་ཇེ་མཐོར་བཏང་།

ཀྲེ་ཅང་གིས་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་སྤེལ་བའི་ཁྲོད་དུ། གཅིག་འདོམས་མཐུན་སྦྱོར་དང་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། སློབ་སྦྱོང་བྱེད་ཞོར་དང་ཞིབ་བཤེར་བྱེད་ཞོར། བཅོས་སྐྱོང་བྱེད་ཞོར་བཅས་རྒྱུན་འཁྱོངས་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་བྱ་གཞི་ཁྲི་གཅིག་དང་སྟོང་ལྔ་གཏན་འཁེལ་ཞིབ་མོ་བྱས་པར་མ་ཟད། བརྟག་དཔྱད་ཞིབ་འཇུག་བྱ་གཞི་རེ་རེ་བཞིན་དག་ཐེར་ཡོ་བསྲང་བྱས་ཡོད། ཧུའུ་ཀྲོའུ་ཡིས་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད། རང་ཉིད་ལ་གསར་གཏོད་ཐོན་ཁུངས་རྩེ་གྲས་ཀྱིས་མི་འདང་བ་དང་ནུས་པ་ཆེ་བའི་ཚན་རྩལ་གསར་གཏོད་ལས་སྟེགས་མི་འདང་བའི་གནས་ཚུལ་ཤེས་རྟོགས་བྱུང་།  དེར་བརྟེན་ཧུའུ་ཀྲོའུ་ཡིས་ས་ཆའི་རིན་ཐང་འཕར་བ་དང་མ་རྩ་གཏོང་བ། རྒྱུ་ནོར་ཚུལ་སྒྱུར་སོགས་ཀྱི་བྱེད་ཐབས་སྤྱད་དེ། ད་ལོའི་ཟླ་བཅུ་པའི་ནང་། ཀྲེ་ཅང་གིས“རྒྱལ་ཁབ་རྟགས་ཅན”གྱི་ཚན་རིག་ཞིབ་འཇུག་སྟེགས་བུ་ཐོག་མ་བསྐྲུན་ནས། བཟོ་ལས་མཉེན་ཆས་ཀྱི་དགོས་མཁོ་གལ་ཆེན་ལ་དམིགས་ཏེ། རིག་ནུས་བཟོ་སྐྲུན་གྱི་འབྲེལ་ཡོད་ཐོན་ལས་ཚུལ་སྒྱུར་རིམ་སྤོར་ལ་འདེགས་སྐྱོར་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།