མཚོ་བྱང་ཁུལ་གྱིས་བརྗོད་དོན་སློབ་གསོར་བརྟེན་ནས་མི་སྡོད་ཁོར་ཡུག་ལེགས་བཅོས་བྱས།
2023.12.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཞིང་ཕྱུགས་དང་ཚན་རྩལ་ཐིན་གྱིས་ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྐྱོང་དང་ལེགས་སྒྱུར་བྱེད་པའི་ལོ་ལྔའི་འགུལ་སྐྱོད་ལ་དམིགས་ནས་རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་ནན་མོ་བཏང་སྟེ། མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་མུ་མཐུད་ཇེ་དྲག་ཏུ་བཏང་།

ད་ལོར། མཚོ་བྱང་ཁུལ་གྱི་རོང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་ཐག་གཅོད་བྱས་པའི་སྡེ་བས་བརྒྱ་ཆའི་བརྒྱ་ཟིན་པ་དང་། ཁུལ་ཡོངས་སུ་ཞིང་སྡེའི་བཙོག་ཆུ་ཐག་གཅོད་སྒྲིག་ཆས་དང་ལུད་རྫིང་ཉེར་གསུམ་བཙུགས་པ་དང་སྡེ་བ་ཞེ་གསུམ་གྱི་འཚོ་བའི་གད་སྙིགས་གཅིག་བསྡུས་སྒོས་ཐག་གཅོད་བྱས་པ་དེས་ཁུལ་ཡོངས་ཀྱི་སྡེ་བ་སྤྱིའི་བརྒྱ་ཆའི་ཉི་ཤུ་དང་གྲངས་ཆུང་ཐིག་དགུ་ཟིན། སྡེ་བའི་གྲབས་གསོག་གད་བརྡར་བྱེད་མཁན་ཆིག་སྟོང་བཞི་བརྒྱ་གོ་གཉིས་དང་གྲོང་བརྡལ་གྱི་གད་སྙིགས་ར་བ་བཅུ་གཅིག་བཙུགས་ལ། གད་སྙིགས་བསྡུ་རུབ་སྒམ་ཆིག་སྟོང་བཞི་བརྒྱ་ཞེ་བརྒྱད་དང་ཁྱིམ་སྤྱོད་གད་སྙིགས་སྣོད་ཆིག་ཁྲི་ཉིས་སྟོང་བརྒྱད་བརྒྱ་སོ་དགུ། སྙིགས་འདྲུད་རླངས་འཁོར་བརྒྱ་དང་གོ་བརྒྱད་སྒྲིག་སྦྱོར་བྱས། ད་ལོར་ཁུལ་ཡོངས་ནས་རོང་འབྲོག་ཁུལ་གྱི་གད་སྙིགས་ཏུན་ཆིག་ཁྲི་སུམ་སྟོང་སུམ་བརྒྱ་ཞེ་གསུམ་གཙང་སེལ་དང་ཚད་ལྡན་མིན་པའི་གནས་སྐབས་ཀྱི་གད་སྙིགས་གསོག་འཇོག་ས་གནས་བརྒྱ་དང་བདུན་ཅུ་དག་ཐེར་བྱས།

རྒྱུས་ལོན་པ་ལྟར་ན། 2023ལོར་མཚོ་བྱང་ཁུལ་གྱིས་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱེད་པར་སྐུལ་འདེད་གཏོང་བའི་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བཞི་ས་ཡ་དགུ་འབུམ་དྲུག་ཁྲི་བདུན་བཏང་ནས་མི་སྡོད་ཁོར་ཡུག་དག་ཐེར་ལས་གཞི་དྲུག་ལག་བསྟར་བྱས། མི་སྡོད་ཁོར་ཡུག་དག་ཐེར་ལས་གཞི་ལག་བསྟར་བྱས་པ་བརྒྱུད་དེ་ཞིང་སྡེའི་གད་སྙིགས་ཐག་གཅོད་དང་སྤྱི་པའི་ཞབས་ཞུའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་མཐོར་འདེགས་བྱས་པ་དང་ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྐྱོང་ལ་ཕན་འབྲས་མངོན་གསལ་བླངས། མིག་སྔའི་བར་དུ་ཁུལ་ཡོངས་ཀྱི་རོང་འབྲོག་ཁུལ་དུ་སྤྱི་སྤྱོད་སྤྱོད་ཁང་སུམ་བརྒྱ་དང་དྲུག་དང་དུད་ཁྱིམ་སྤྱོད་ཁང་སུམ་ཁྲི་དགུ་སྟོང་བརྒྱད་བརྒྱ་ཞེ་བརྒྱད་ལས་པ་དང་། ཞིང་སྡེའི་ཁྱིམ་ཚང་ལ་ཁྱབ་ཚད་ཀྱིས་བརྒྱ་ཆའི་གྱ་ལྔ་ཟིན།

མི་ཕམ་མགོན་པོས་བསྒྱུར།