ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་། ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོའི་ལུས་རྩལ་རྒྱན་ཤོག་སྐབས་ཉེར་གཉིས་པའི་མཚོ་སྐོར་ལྕགས་རྟའི་འགྲན་རྒྱུག་གི་འགྲན་རིམ་གསུམ་པ་སྟེ་ཁྲི་ཀ་ནས་ཧུའུ་ཀྲུའུ་བར་གྱི་འགྲན་སྡུར་སྤེལ། དྲོད་ཚད་སྔ་ཉིན་ལས་ཅུང་ཇེ་དམའ་རུ་སོང་ཡོད་ཀྱང་། འགྲན་ཞུགས་པ་དག་གི་བློ་སྤོབས་ཆེས་ཆེར་རྒྱས་ཡོད། དུས་ཚོད་ལྔ་ལྷག་གི་འགྲན་རྩོད་ཁྲོད་ལ་དང་དཀྱོགས་མཚམས་མང་བོ་བརྒྱུད་དེ། འགྲན་ཞུགས་ཀྱི་ལྕགས་རྟའི་རུ་ཁག་ཉེར་གཉིས་ཀྱིས་ལྕགས་རྟའི་གོང་ནས་མྱུར་ཚད་དང་སྤྲོ་བ་ཉམས་སུ་མྱངས།
འགྲན་རིམ་གཉིས་པའི་ཆེས་དཀའ་བའི་ལ་གྱེན་དུ་འགོ་བའི་ཉམས་སད་བརྒྱུད་རྗེས། འགྲན་ཞུགས་ལྕགས་རྟའི་རུ་ཁག་ཉེར་གཉིས་པོས་ཕན་ཚུན་ལ་རྒྱུས་ལོན་པ་དང་། ཚང་མས་འཛེམ་དོགས་མི་བྱེད་པར་རང་ནུས་ཅི་ཡོད་འདོན་ཅི་ཐུབ་བྱས། འགྲན་རིམ་འདིའི་སྤྱིའི་རིང་ཚད་ལ་སྤྱི་ལེ་ཉིས་བརྒྱ་དང་གཅིག་ཡོད་པ་དང་། སྐབས་འདིའི་འགྲན་སྡུར་གྱི་སྤྱི་ལེ་ཉིས་བརྒྱ་བརྒལ་བའི་འགྲན་རིམ་ཐོག་མ་རེད། འགྲན་རིམ་དེའི་ས་དབྱིབས་ལ་འབུར་གཤོང་མང་བ་དང་། སོ་སོར་སྤྱི་ལེ་ཞེ་བདུན་དང་གྲངས་ཆུང་གཅིག་བརྒྱད་དང་། སྤྱི་ལེ་བདུན་ཅུ་དང་གསུམ་གཉིས། སྤྱི་ལེ་གྱ་དགུ་དང་གཅིག་དྲུག སྤྱི་ལེ་བརྒྱ་དང་བཅོ་ལྔ་དང་ཐིག་གཉིས་བཅས་ཀྱི་མཚམས་སུ་ལ་གྱེན་དུ་འགོ་ས་ཡོད་ལ། ལ་གྱེན་དུ་འགོ་སའི་ཁ་གྲངས་ནི་སྐབས་འདིའི་འགྲན་སྡུར་གྱི་ཆེས་མང་བོ་ཡིན་པས། འགྲན་སྡུར་གྱི་དཀའ་ཚད་དེ་འགྲན་རིམ་གཉིས་པ་ལས་ལྷག་པར་མངོན། སྤྱིའི་ཆ་ནས་བལྟས་ན། གླིང་ཆེན་བར་གྱི་ལས་རིགས་རུ་ཁག་གི་ཆུ་ཚད་དེ་གླིང་ཆེན་བར་གྱི་སྤྱིར་བཏང་གི་རུ་ཁག་ལས་ཅུང་མཐོ་བར་མངོན་པ་དང་། ཡོ་རོབ་གླིང་དང་ཨ་མེ་རི་ཁའི་ལྕགས་རྟའི་རུ་ཁག་གི་སྟོབས་ཤུགས་ལ་སྣང་ཆུང་བྱེད་མི་རུང་། ཀྲུང་གོའི་རུ་ཁག་དེ་སྤྱིའི་ཆ་ནས་འབྲིང་སྟོད་ཀྱི་ཆུ་ཚད་དུ་གནས་པ་དང་། དེའི་ནང་ཕྱི་རོགས་འགྲན་ཞུགས་པའི་རྣམ་འགྱུར་ཧ་ཅང་བཟང་ལ། ལྕགས་རྟའི་རུ་ཁག་ཧྲིལ་བོར་སྐུལ་ཁྲིད་ཀྱི་ནུས་པ་མངོན་གསལ་ལྡན། དེའི་ཞོར་དུ་ཨེ་ཤ་ཡཱའི་ལྕགས་རྟའི་རུ་ཁག་སྐོར་ཞིག་གིས་མཚོ་འཕགས་མཐོ་སར་ལོབས་པའི་ནུས་པར་ཤུགས་སྣོན་དགོས་ཡོད།
ཐེངས་འདིའི་འགྲན་རིམ་གྱི་ཨང་དང་པོ་ནི་དབྱི་ཐཱ་ལེའི་ཁི་ལོ་ཏིས་ཁི་ལྕགས་རྟའི་རུ་ཁག་གི་འགྲན་ཞུགས་ཨང་རྟགས་རེ་གཉིས་པ་པཱ་ཨར་ཏཱ་ཆི་ནེ་ཏཱ་ཝེ་ཏི་ཡིན་པ་དང་། ཨང་གཉིས་པ་ནི་སི་ཕན་པུའུ་ཨར་ཀི་སི་ལྕགས་རྟའི་རུ་ཁག་གི་ཨང་རྟགས་ང་ལྔ་བ་ཧྥ་ཀུང་ཏི་སི་ཨེ་ལི་ཁི་ཡིན་ལ། ཨང་གསུམ་པ་ནི་ནོར་ཝེའི་ལོས་ཕུའུ་སོ་ཨར་ལྕགས་རྟའི་རུ་ཁག་གི་ཨང་རྟགས་བརྒྱ་དང་གྱ་གསུམ་པ་ཏི་ལོས་ཅི་ཨན་ཏི་ལེ་རེད། སྟོད་ལྭ་སེར་པོ་ཐོབ་མཁན་ཁོ་ལོམ་པུ་ཡཱའི་མེ་ཏི་ལིན་ལྕགས་རྟའི་རུ་ཁག་གི་ཨང་རྟགས་བརྒྱ་དང་གོ་ལྔ་བ་བོ་ཨར་སི་ཀྲ་ཕཱ་ཐཱ་ཝེ་ཨར་མཱ་ཨན་ཏི་ལེ་སི་ཡིན་པ་དང་། སྟོད་ལྭ་ལྗང་ཁུ་ཐོབ་མཁན་དབྱི་ཐཱ་ལེའི་པཱ་ཏིས་ཡཱ་ནེ་ལྕགས་རྟའི་རུ་ཁག་གི་ཨང་རྟགས་གྱ་གཅིག་པ་མུའུ་ལུའུ་པུའུ་ལན་ཧིན་ནོའུ་ཁི་ཡིན་ལ། སྟོད་ལྭ་ཁྲ་རིས་ཐོབ་མཁན་དབྱི་ཐཱ་ལེའི་པཱ་ཏིས་ཡཱ་ནེ་ལྕགས་རྟའི་རུ་ཁག་གི་ཨང་རྟགས་གྱ་བཞི་བ་ལཱ་སི་ཐི་ལེ་ལུའུ་ཁཱ་དང་། སྟོད་ལྭ་སྔོན་པོ་ཐོབ་མཁན་ཀྲུང་གོའི་ཧྭ་ཞིན་གླིང་ཆེན་རུ་ཁག་གི་ཨང་རྟགས་གཉིས་པ་ལོས་ཞན་ཅིན་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།