ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོའི་ལུས་རྩལ་རྒྱན་ཤོག་སྐབས་ཉེར་གཉིས་པའི་མཚོ་སྐོར་ལྕགས་རྟའི་རྒྱུག་འགྲན་གྱི་འགྲན་རིམ་དྲུག་པ་སྟེ་མདོ་ལ་ནས་ནུབ་མཚོ་གྲོང་རྡལ་བར་གྱི་འགྲན་སྡུར་སྤེལ།
2023.07.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 51

ཟླ་བདུན་པའི་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་། ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོའི་ལུས་རྩལ་རྒྱན་ཤོག་སྐབས་ཉེར་གཉིས་པའི་མཚོ་སྐོར་ལྕགས་རྟའི་འགྲན་རྒྱུག་གི་འགྲན་རིམ་དྲུག་པ་སྟེ་མདོ་ལ་ནས་ནུབ་མཚོ་གྲོང་རྡལ་བར་གྱི་འགྲན་སྡུར་དངོས་སུ་སྤེལ་མགོ་བརྩམས། ལུས་རྩལ་པ་བརྒྱ་དང་བཅུ་བདུན་འགྲན་སྡུར་ལ་ཞུགས་ཡོད། འགྲན་རིམ་འདིའི་སྤྱིའི་རིང་ཚད་ལ་སྤྱི་ལེ་ཉིས་བརྒྱ་དང་དྲུག་ཡོད་ལ། སྐབས་འདིའི་མཚོ་སྐོར་ལྕགས་རྟའི་འགྲན་སྡུར་གྱི་བར་ཐག་ཆེས་རིང་བའི་འགྲན་རིམ་ཞིག་ཡིན་པ་དང་། ལུས་རྩལ་པ་དག་གི་ལུས་ཤུགས་དང་ལྕགས་རྟའི་རུ་ཁག་གི་འཐབ་རྩལ་བཀོད་སྒྲིག་ཐད་ཀྱི་ཉམས་སད་ཆེན་པོ་ཞིག་རེད།

སྤྱིའི་ཆ་ནས་བལྟས་ན། འགྲན་རིམ་འདིའི་སྐབས་སུ་ནམ་ཟླ་བཟང་བ་དང་། ལུས་རྩལ་པ་མང་ཆེ་བས་བདེ་བླག་ངང་འགྲན་སྡུར་བྱ་བ་ཡོངས་འགྲུབ་བྱས་ཡོད་ལ། འགྲན་ཞུགས་པ་ཚོའི་སྣང་ཚུལ་བཟང་བ་དང་སེམས་ཤུགས་ཧ་ཅང་ཆེ། སྟོད་ལྭ་ཁ་དོག་བཞི་ཡི་བདག་པོར་འགྱུར་ལྡོག་བྱུང་མེད།

འགྲན་རིམ་འདིར་ལྕགས་རྟའི་རུ་ཁག་སོ་སོས་མཐུན་སྒྲིལ་གང་ལེགས་བྱས་ཏེ་སྣེ་ཁྲིད་མཁན་གྱི་སྟོད་ལྭ་སྲུང་ཐུབ་པར་འབད་བརྩོན་བྱེད་བཞིན་ཡོད་ལ། དེ་ལྕགས་རྟའི་རུ་ཁག་སོ་སོས་དགེ་སྐྱོན་དོ་མཉམ་བྱས་རྗེས་ཀྱི་གདམ་གསེས་དང་འབྲལ་ཐབས་མེད་ལ། དེ་ལས་ལུས་རྩལ་གྱི་སྙིང་སྟོབས་དང་མཚོ་སྐོར་ལྕགས་རྟའི་འགྲན་སྡུར་གྱི་སྙིང་སྟོབས་མངོན་པར་མཚོན་ཡོད།

འགྲན་རིམ་འདིའི་ཨང་དང་པོ་ནི་དབྱི་ཐཱ་ལེའི་ཁི་ལོ་ཏིས་ཁི་ལྕགས་རྟའི་རུ་ཁག་གི་ཨང་རྟགས་རེ་བདུན་པ་ཝེ་ཝེ་ཡཱ་ནེ་ཨ་ཏིས་ལེ་ཨོ་ཡིན་པ་དང་། ཨང་གཉིས་པ་ནི་པུ་ལི་ཧྲིའི་ཐཱ་ཐི་ལོས་ཐའོ་ཨེ་སོ་ལོས་སི་ལྕགས་རྟའི་རུ་ཁག་གི་ཨང་རྟགས་བརྒྱ་དང་དོན་གཉིས་པ་ཏུའུ་པང་ཏིས་མའོ་ཏིས་ཡིན་ལ། ཨང་གསུམ་པ་ནི་དབྱི་ཐཱ་ལེའི་པཱ་ཏིས་ཡཱ་ནེ་ལྕགས་རྟའི་རུ་ཁག་གི་འགྲན་ཞུགས་ཨང་རྟགས་གྱ་བདུན་པ་ཀྲ་ནོང་སེ་ལོ་ཨིན་ལི་ཁི་རེད།

སྟོད་ལྭ་སེར་པོ་ཐོབ་མཁན་ཁོ་ལོམ་པུ་ཡཱའི་མེ་ཏི་ལིན་ལྕགས་རྟའི་རུ་ཁག་གི་ཨང་རྟགས་བརྒྱ་དང་གོ་ལྔ་བ་བོ་ཨར་སི་ཀྲ་ཕཱ་ཐཱ་ཝེ་ཨར་མཱ་ཨན་ཏི་ལེ་སི་ཡིན་པ་དང་། སྟོད་ལྭ་ལྗང་ཁུ་ཐོབ་མཁན་དབྱི་ཐཱ་ལེའི་པཱ་ཏིས་ཡཱ་ནེ་ལྕགས་རྟའི་རུ་ཁག་གི་ཨང་རྟགས་གྱ་གཅིག་པ་མུའུ་ལུའུ་པུའུ་ལན་ཧིན་ནོའུ་ཁི་ཡིན་ལ། སྟོད་ལྭ་ཁྲ་རིས་ཐོབ་མཁན་དབྱི་ཐཱ་ལེའི་པཱ་ཏིས་ཡཱ་ནེ་ལྕགས་རྟའི་རུ་ཁག་གི་ཨང་རྟགས་གྱ་བཞི་བ་ལཱ་སི་ཐི་ལེ་ལུའུ་ཁཱ་དང་། སྟོད་ལྭ་སྔོན་པོ་ཐོབ་མཁན་ཀྲུང་གོའི་ཧྭ་ཞིན་གླིང་ཆེན་རུ་ཁག་གི་ཨང་རྟགས་གཉིས་པ་ལོས་ཞན་ཅིན་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།