ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན། ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོའི་ལུས་རྩལ་རྒྱན་ཤོག་སྐབས་ཉེར་གཉིས་པའི་མཚོ་སྐོར་ལྕགས་རྟའི་འགྲན་རྒྱུག་གི་འགྲན་རིམ་བདུན་པ་སྟེ་ནུབ་མཚོ་གྲོང་རྡལ་ནས་གུང་ཧོ་རྫོང་བར་གྱི་འགྲན་སྡུར་དངོས་སུ་སྤེལ་མགོ་བརྩམས། ལུས་རྩལ་པ་བརྒྱ་དང་བཅུ་གཉིས་འགྲན་སྡུར་ལ་ཞུགས་ཡོད། འགྲན་རིམ་འདིའི་སྤྱིའི་རིང་ཚད་ལ་སྤྱི་ལེ་བརྒྱ་དང་ཉེར་བདུན་ཡོད་ལ། བར་ཐག་རིང་རྒྱུ་མེད་ཀྱང་ལམ་བར་དུ་ལ་གྱེན་དུ་འགོ་སའི་གནས་གཉིས་ལ་དཀའ་ཁག་ཡོད་པ་དང་། ལུས་རྩལ་པ་དག་གིས་སྔར་བཞིན་སྤོབས་པ་ཆེར་བསྐྱེད་ཀྱིས་མྱུར་ཚད་དང་བརྩེ་བའི་འགྲན་སྡུར་གྱི་ལྟད་མོ་མངོན་པར་བྱས་ཡོད།
འགྲན་རིམ་འདི་ནི་སྐབས་འདིའི་མཚོ་སྐོར་ལྕགས་རྟའི་འགྲན་སྡུར་གྱི་ལམ་ཐིག་སྟེང་མཚོ་སྔོན་པོ་དང་ཉེ་བའི་འགྲན་ལམ་གཅིག་པུ་ཡིན་ཞིང་། རླུང་གི་རྒྱུ་བ་ཅུང་ཆེ་བས་ལུས་རྩལ་པ་དག་གི་འཐབ་རྩལ་ལ་ཤུགས་རྐྱེན་ཐེབས་སྲིད་ཀྱང་། མཐོ་སྒང་གི་མཐིང་མདོག་གི་ནམ་མཁའ་དང་སྤྲིན་དཀར། གསེར་མདོག་གི་ལོག་དཀར་མེ་ཏོག་གི་ཞིང་། དེ་མིན་སྔོ་བསངས་ཀྱི་མཚོ་སྔོན་པོ་བཅས་ཀྱིས་གྲུབ་པའི་མཛེས་པ་རྩེར་སོན་གྱི་རང་བྱུང་རི་མོ་དེ་ལུས་རྩལ་པ་དག་ལ་ཐུན་མོང་དུ་དབང་ཞིང་འཐུས་ཚབ་རང་བཞིན་ལྡན་པའི་མཚོ་སྐོར་དྲན་འཛིན་དུ་གྱུར་ཡོད་པ་བསྙོན་མེད་ཡིན།
འགྲན་རིམ་འདིའི་ཨང་དང་པོ་ནི་དབྱི་ཐཱ་ལེའི་པཱ་ཏིས་ཡཱ་ནེ་ལྕགས་རྟའི་རུ་ཁག་གི་ཨང་རྟགས་གྱ་གཅིག་པ་མུའུ་ལུའུ་པུའུ་ལན་ཧིན་ནོའུ་ཁི་དང་། ཨང་གཉིས་པ་ནི་མོང་གོལ་རྒྱལ་ཁབ་གཞུང་ལམ་ལྕགས་རྟའི་རུ་ཁག་གི་ཨང་རྟགས་ཉེར་གསུམ་པ་པཱ་སིང་ཧུའུ་མུས་ཁཱ་ཡིན་ལ། ཨང་གསུམ་པ་ནི་སི་ཕན་གྱི་པུའུ་ཨར་ཀི་སི་ལྕགས་རྟའི་རུ་ཁག་གི་ཨང་རྟགས་ང་ལྔ་བ་ཧྥ་ཀུང་ཏི་སི་ཨེ་ལི་ཁི་རེད།
སྟོད་ལྭ་སེར་པོ་ཐོབ་མཁན་སི་ཕན་གྱི་པུའུ་ཨར་ཀི་སི་ལྕགས་རྟའི་རུ་ཁག་གི་ཨང་རྟགས་ང་ལྔ་བའི་ཧྥ་ཀུང་ཏི་སི་ཨེ་ལི་ཁི་ཡིན་པ་དང་། སྟོད་ལྭ་ལྗང་ཁུ་ཐོབ་མཁན་དབྱི་ཐཱ་ལེའི་པཱ་ཏིས་ཡཱ་ནེ་ལྕགས་རྟའི་རུ་ཁག་གི་ཨང་རྟགས་གྱ་གཅིག་པ་མུའུ་ལུའུ་པུའུ་ལན་ཧིན་ནོའུ་ཁི་རེད། སྟོད་ལྭ་ཁྲ་རིས་ཐོབ་མཁན་དབྱི་ཐཱ་ལེའི་པཱ་ཏིས་ཡཱ་ནེ་ལྕགས་རྟའི་རུ་ཁག་གི་ཨང་རྟགས་གྱ་བཞི་བ་ལཱ་སི་ཐི་ལེ་ལུའུ་ཁཱ་ཡིན་ལ། སྟོད་ལྭ་སྔོན་པོ་ཐོབ་མཁན་མཚོ་སྔོན་ཐེན་ཡུག་ཏི་ལྕགས་རྟའི་རུ་ཁག་གི་ཨང་རྟགས་ཉིས་བརྒྱ་དང་བཅོ་ལྔ་བ་སེ་དབྱེ་ཏི་མུའུ་ཧན་མའོ་ཏི་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།