ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན། ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོའི་ལུས་རྩལ་རྒྱན་ཤོག་སྐབས་ཉེར་གཉིས་པའི་མཚོ་སྐོར་ལྕགས་རྟའི་འགྲན་རྒྱུག་གི་འགྲན་རིམ་བརྒྱད་པ་སྟེ་གུང་ཧོ་རྫོང་ནས་ཚྭ་ཁའི་མཛེས་ལྗོངས་བར་གྱི་འགྲན་སྡུར་དངོས་སུ་སྤེལ་མགོ་བརྩམས། ལུས་རྩལ་པ་བརྒྱ་དང་དགུ་འགྲན་སྡུར་ལ་ཞུགས་ཡོད། འགྲན་རིམ་བརྒྱད་པ་ནི་སྐབས་འདིའི་མཚོ་སྐོར་ལྕགས་རྟའི་འགྲན་སྡུར་གྱི་ཆེས་མཇུག་མཐའི་འགྲན་སྡུར་ཡིན་པ་དང་། སྤྱིའི་རིང་ཚད་ལ་སྤྱི་ལེ་ཉིས་བརྒྱ་ཡོད་ལ། ལ་གྱེན་འགོ་ས་གཅིག་དང་མཆོང་རྒྱུག་བྱེད་སའི་གནས་གསུམ་བཀོད་སྒྲིག་བྱས་ཡོད།
སྐབས་འདིའི་མཚོ་སྐོར་ལྕགས་རྟའི་འགྲན་སྡུར་ནི་འགྲན་སྡུར་དེ་རྒྱལ་སྤྱིའི་ལྕགས་རྟའི་མནའ་འབྲེལ་གྱི་ལས་རིགས་འགྲན་སྡུར་རིམ་པ་འཕར་རྗེས་ཀྱི་འགྲན་སྡུར་ཐོག་མ་ཡིན་པའི་ཆ་ནས་བདེ་བླག་དང་བདེ་འཇགས་ངང་མཇུག་སྒྲིལ་བ་རེད། དེ་ནི་མགོ་རྩོམ་གྱི་བྱ་བའི་སྣང་ཚུལ་བཟང་བོ་ཞིག་ཡིན་ལ། ལམ་ཐིག་གི་གདམ་གསེས་དང་འགྲན་རིམ་སོ་སོའི་བྱ་བར་བདེ་བླག་ངང་སྐུལ་འདེད་བཏང་བ་ལས་ང་ཚོས་གཙོ་སྒྲུབ་ཕྱོགས་ཀྱི་ལྷག་བསམ་དང་བློ་སྤོབས་མཐོང་ཐུབ། མཚོ་སྐོར་ལྕགས་རྟའི་འགྲན་སྡུར་གྱི་ལོ་རྒྱུས་སྟེང་ཐོག་དང་པོར་འགྲན་རིམ་ཁ་ཚང་བརྙན་འཕྲིན་ཐད་གཏོང་མངོན་འགྱུར་བྱུང་བ་དང་། འགྲན་སྡུར་བྱ་བར་སྐུལ་འདེད་གཏོང་བའི་ཆེད་དུ་བཙུགས་པའི་རྐྱེན་སྲོལ་གསར་བ་གང་ཡིན་ཡང་། སྐད་གྲགས་ཅན་གྱི་འགྲན་སྡུར་འདི་ལས་གསོན་ཤུགས་ཆེན་པོ་མངོན་པར་བྱས་ཡོད་ལ། ང་ཚོར་འགྲན་སྡུར་དེས་རྒྱལ་སྤྱིའི་ལྕགས་རྟའི་མནའ་འབྲེལ་གྱི་འགྲན་སྡུར་མ་ལག་ཁྲོད་སྔར་ལས་གལ་ཆེ་བའི་ནུས་པ་འདོན་པའི་གནས་ཚུལ་མཐོང་དུ་བཅུག་ཡོད།
སྐབས་རྗེས་མའི་མཚོ་སྐོར་ལྕགས་རྟའི་འགྲན་སྡུར་གྱིས་འགྲན་སྡུར་དེའི་རིམ་པ་འཕར་བའི་གོ་སྐབས་བེད་སྤྱོད་གང་ལེགས་བྱས་ཏེ། མཚོ་སྐོར་ལྕགས་རྟའི་འགྲན་སྡུར་གྱི་ཐུན་མིན་འགུག་ཤུགས་དང་གཟི་བྱིན་མངོན་པར་བྱས་ནས། མཚོ་སྐོར་ལྕགས་རྟའི་འགྲན་སྡུར་དེ་རང་རྒྱལ་གྱི་ལྕགས་རྟའི་ལུས་རྩལ་འགུལ་སྐྱོད་ཀྱི་དམིགས་ཚད་ལྟ་བུར་གྱུར་ནས་མི་སྔར་ལས་མང་བོར་རྒྱུས་མངའ་འབྱུང་བར་རེ་བཞིན་ཡོད།
འགྲན་རིམ་འདིའི་ཨང་དང་པོ་ནི་པུ་ལི་ཧྲིའི་ཐཱ་ཐི་ལོས་ཐའོ་ཨེ་སོ་ལོས་སི་ལྕགས་རྟའི་རུ་ཁག་གི་ཨང་རྟགས་བརྒྱ་དང་དོན་གཉིས་པ་ཏུའུ་པང་ཏིས་མའོ་ཏིས་ཡིན་པ་དང་། ཨང་གཉིས་པ་ནི་ཁོ་ལོམ་པུ་ཡཱའི་མེད་ཏི་ལིན་ལྕགས་རྟའི་རུ་ཁག་གི་ཨང་རྟགས་བརྒྱ་དང་གོ་བདུན་པ་ཨོ་ཁན་པའོ་ཅི་ལཱ་ཨར་ཏའོ་ཝེ་ཁི་ཏའོ་ཡཱ་ལེ་ཧང་ཏི་ལོ་ཡིན་ལ། ཨང་གསུམ་པ་ནི་ནེའུ་ཙེ་ལན་གྱི་འཕྲེད་བྱང་ནག་པོའི་ལྕགས་རྟའི་རུ་ཁག་གི་ཨང་རྟགས་ཞེ་བཞི་པ་མཱ་ཆི་ཝེ་ལུའུ་ཁི་རེད།
སྟོད་ལྭ་སེར་པོ་ཐོབ་མཁན་དབྱི་ཐཱ་ལེའི་པཱ་ཏིས་ཡཱ་ནེ་ལྕགས་རྟའི་རུ་ཁག་གི་ཨང་རྟགས་གྱ་གཅིག་པ་མུའུ་ལུའུ་པུའུ་ལན་ཧིན་ནོའུ་ཁི་ཡིན་པ་དང་། སྟོད་ལྭ་ལྗང་ཁུ་ཐོབ་མཁན་དབྱི་ཐཱ་ལེའི་པཱ་ཏིས་ཡཱ་ནེ་ལྕགས་རྟའི་རུ་ཁག་གི་ཨང་རྟགས་གྱ་གཅིག་པ་མུའུ་ལུའུ་པུའུ་ལན་ཧིན་ནོའུ་ཁི་རེད། སྟོད་ལྭ་ཁྲ་རིས་ཐོབ་མཁན་དབྱི་ཐཱ་ལེའི་པཱ་ཏིས་ཡཱ་ནེ་ལྕགས་རྟའི་རུ་ཁག་གི་ཨང་རྟགས་གྱ་བཞི་བ་ལཱ་སི་ཐི་ལེ་ལུའུ་ཁཱ་ཡིན་ལ། སྟོད་ལྭ་སྔོན་པོ་ཐོབ་མཁན་མཚོ་སྔོན་ཐེན་ཡུག་ཏི་ལྕགས་རྟའི་རུ་ཁག་གི་ཨང་རྟགས་ཉིས་བརྒྱ་དང་བཅོ་ལྔ་བ་སེ་དབྱེ་ཏི་མུའུ་ཧན་མའོ་ཏི་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།