རིག་གནས་ཡུལ་སྐོར་གྱིས་ཁམས་པའི་ཕོ་རྒོད་གྲོང་ཚོ་ཕྱུག་འགྱུར་ལམ་དུ་ཁྲིད།
2023.07.13 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 222

རིག་གནས་ཡུལ་སྐོར་གྱིས་ཁམས་པའི་ཕོ་རྒོད་གྲོང་ཚོ་ཕྱུག་འགྱུར་ལམ་དུ་ཁྲིད།

—དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་རྫོང་ཁམས་པའི་ཕོ་རྒོད་གྲོང་ཚོས་རིག་གནས་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་མང་ཚོགས་ཀྱི་ཡོང་འབབ་བླ་ལྷག་གིས་འཕར་བར་བྱས།

ང་ཚོ《གངས་ལྗོངས་ཀྱི་རྒྱང་སྐྱོད་གསར་པ》ཞེས་པའི་བཅར་འདྲི་ཚན་ཆུང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་རྫོང་དུ་སླེབས་པ་ན། ཉག་ཆུ་སྔོན་མོ་རླབས་སྒྲ་སྟོང་གི་ཟིལ་ཤུགས་ཀློང་ན་གནའ་བོའི་ཇ་རྟའི་ཚོང་ལམ་བརྒྱུད་དེ་ལྷུང་ལྷུང་བཞུར་གྱིན་འདུག་ལ། ཉག་ཆུ་རྫོང་མཁར་ནས་དུས་ཚོད་གཉིས་ལྷག་ལ་ཆས་པ་ན། གཞི་ནས་ཉག་ཆུ་རྫོང་མགོ་ལོག་གྲོང་རྡལ་ཁམས་པའི་ཕོ་གསར་གྲོང་ཚོ་རུ་འབྱོར་བྱུང་། ཁམས་པའི་ཕོ་གསར་གྲོང་ཚོ་ནི་མཐའ་བཞི་རི་ཚོགས་ཀྱིས་རབ་ཏུ་བསྐོར་ཞིང་། རི་ཀློང་ཡོད་ཚད་ནགས་ཀྱིས་བརྒྱན་ཡོད་ལ། རི་བོའི་དཀྱིལ་དུ་སྤང་རི་ཞིག་མཐོ་རུ་བཏེགས་ཤིང་། སྤང་རི་དེའི་སྟེང་ན་ཉི་མའི་མཚེའུ་དང་ཟླ་བའི་མཚེའུ་ཞེས་པའི་མཚེའུ་གཉིས་ཀྱིས་ཉི་ཟླའི་རྣ་ཆ་ལྟར་གནས་ཀྱི་བཀོད་པ་རབ་ཏུ་བརྒྱན་འདུག དེ་ནི་མེ་ཏོག་པད་མའི་འདབ་མ་རབ་ཏུ་བཞད་པའི་དཀྱིལ་གྱི་ཟེའུ་འབྲུའི་སྟེང་ན་ཆུ་ཐིགས་རྡོག་པ་གཉིས་འོད་དུ་འཚེར་བ་དང་ཡོངས་སུ་མཚུངས། འདི་ལྟ་བུའི་སྣོད་ཀྱི་བཀོད་པ་ཕུན་སུམ་ཚོགས་པའི་གནས་སུ། རྒྱལ་ཡོངས་སུ་མཚན་གྱི་སྙན་པ་ཡོངས་སུ་གྲགས་པའི་ཁམས་པའི་ཕོ་རྒོད་རེ་རེ་ཡི་ཕོ་རྩལ་སྣ་དགུའི་གཟི་ཉམས་ལ་བརྟེན་ནས། གནས་འདིར་ཡུལ་སྐོར་རིག་གནས་ཀྱི་རླབས་རྒྱུན་འཕྱུར་འདུག

ཉག་ཆུ་རྫོང་མགོ་ལོག་གྲོང་རྡལ་ཁམས་པའི་ཕོ་རྒོད་གྲོང་ཚོ་ལ་ཁྱིམ་ཚང་བརྒྱ་དང་གྱ་ལྔ་དང་མི་གྲངས་བརྒྱད་བརྒྱ་གྱ་གསུམ་ཡོད་ལ། སྡེ་བའི་དཔལ་འབྱོར་གྱི་ཡོངས་ཁུངས་གཙོ་བོ་ནི་ཤ་མོ་དང་དབྱར་རྩྭ། ཕྱུགས་ཟོག་བཅས་ལ་བརྟེན་ཡོད་ཅིང་། འབྲོག་མི་རེ་རེ་ཡི་ལུས་སྟེང་ན་གནའ་བོའི་སྲོལ་རྒྱུན་གྱི་རང་མདངས་མ་ཡལ་བར་ཡོད་པ་མ་ཟད། དེང་རབས་དཔལ་འབྱོར་འཚོ་བའི་གོམ་འགྲོས་ཀྱང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཀློང་ན་ཡར་རྒྱས་ཕྱིན་འདུག  དེའི་སྐོར་ནས་སྡེ་བའི་རྒན་པོ་དཀོན་མཆོག་དོན་གྲུབ་ཀྱིས་བཤད་རྒྱུར།“ ཁམས་པའི་ཕོ་རྒོད་གྲོང་ཚོའི་ཁྱད་ཆོས་གཙོ་བོ་ལུས་བྱད་རེད། ཕོ་རྒོད་གྲོང་ལ་བལྟ་དགོས་ན་གཙོ་བོ་ལུས་བྱད་ལ་བལྟ་དགོས། གོན་པ་དང་སྐེ་རྒྱན། གྲི། མགོ་རྒྱན་སོགས་ཀྱི་ཁྱད་ཆོས་མང་པོ་ཡོད།

ཉེ་བའི་ལོ་འདི་དག་ལ། ཁམས་པའི་ཕོ་རྒོད་གྲོང་ཚོས་རང་གི་ཐུན་མིན་ཁྱད་འཕགས་ཀྱི་ཕོ་གསར་གྱི་སྣང་བརྙན་ལ་བརྟེན་ནས། རིག་གནས་ཡུལ་སྐོར་གྱི་ལས་གཞི་ལག་བསྟར་བྱས་ཤིང་། བྱ་གཞག་གང་དེའི་འཕེལ་རྒྱས་ཀྱིས་གྲོང་ཚོ་ཧྲིལ་བོའི་གྲོང་གསེབ་དར་སྤེལ་ཐད་གྲུབ་འབྲས་མི་དམན་པ་བླངས་ནས། ད་ལྟ་རིག་གནས་ཡུལ་སྐོར་གྱི་ངོས་ནས་ཀྱང་སྡེ་མི་ཚོའི་ཡོང་འབབ་འཕར་སྣོན་ཆེན་པོ་བྱུང་འདུག དེའི་སྐོར་ནས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ནོར་བུ་ཚེ་རིང་གིས་བཤད་རྒྱུར། “ལོ་བཅུའི་ཡར་སྔོན་ལ་ཁྱིམ་ཚང་རེའི་ལོ་རེའི་ཡོང་སྒོ་སྒོར་ཁྲི་གཉིས་ནས་གསུམ་རེད། ཡུལ་སྐོར་གྱི་གནས་བསྐྲུན་པ་ནས་བཟུང་། ཡུལ་སྐོར་ཀུང་སི་དང་མཉམ་འབྲེལ་བྱས་ནས་ཚང་མའི་ཡོང་སྒོ་ཇེ་བཟང་དུ་གྱུར་ལ། ད་ལྟ་ཁྱིམ་ཚང་རེའི་ལོ་རེའི་ཡོང་སྒོ་སྒོར་ཁྲི་བརྒྱད་ནས་དགུ་ཡིན།

སྤྱི་ལོ་ཉིས་སྟོང་གསུམ་ལོར། ཁམས་པའི་རིག་གནས་དུས་སྟོན་སྟེང་། སྡེ་བ་འདིའི་ཕོ་གསར་རྣམས་ཤོམ་འགྲོ་བྱས་ཏེ། ལྟ་མཁན་མང་པོས་དགའ་བསུ་ཚད་མེད་ཐོབ་པས། ཁོ་ཚོའི་མིང་ལ་ཁམས་པའི་ཕོ་རྒོད་ཅེས་ཐོགས་ཤིང་། ཉིས་སྟོང་ལྔ་ལོ་ནས་བཟུང་། སྲིད་གཞུང་གིས་མ་དངུལ་འབོར་ཆེན་བཏང་ནས། ཁམས་པའི་ཕོ་རྒོད་ཀྱི་མིང་གྲགས་ཚོང་རྟགས་བསྐྲུན་ཞིང་། ད་ལྟ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་འབུམ་གཅིག་ལྷག་ལ་འཕར་འདུག  ཁམས་པའི་ཕོ་རྒོད་གྲོང་ཚོའི་སྡེ་སྡོད་ཧྲུའུ་ཅི་བསྟན་འཛིན་འཇམ་དབྱངས་ཀྱིས་བཤད་རྒྱུར།  “ད་ལྟ་གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་སྒང་རེད། ང་རང་གིས2021ལོའི་ཟླ་བདུན་པ་ནས་བཟུང་སྡེ་སྡོད་ཧྲུའུ་ཅིའི་འགན་ཁུར་བ་ཡིན་ལ། ལོ་གཉིས་ཀྱི་རིང་ལ་ཁམས་པའི་ཕོ་རྒོད་གྲོང་ཚོ་ལ་མཚོན་ན་ཡུལ་སྐོར་སོགས་ཀྱི་ལས་དོན་མང་པོ་སྤེལ་བས། ད་ལྟ་གྲོང་ཚོ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

ཁམས་པའི་ཕོ་རྒོད་གྲོང་ཚོ་ནི་ཕོ་ཁྱོ་གའི་གཟི་བྱིན་གྱིས་བཏེགས་ཤིང་། སྨན་བུ་མོའི་འཕྱོར་སྒེག་གི་བཀྱགས་པའི་མཛེས་སྡུག་སྟོང་གིས་རྫོགས་པའི་མི་ཡུལ་གྱི་དག་ཞིང་ཞིག་རེད། ཁོ་ཚོས་རང་གི་གཟུགས་བྱད་ཀྱི་མཛེས་ཉམས་དང་རི་ཆུའི་ལྗོངས་བཀོད་ལ་བརྟེན་ནས། རྒྱལ་ཁབ་ཕྱི་ནང་གི་ལྟད་མོ་བ་མང་པོའི་མིག་དབང་རབ་ཏུ་བཀུག་ཅིང་། དེ་ལ་བརྟེན་ནས་སྡེ་མི་ཡོད་ཚད་འབྱོར་ཕྱུག་གི་དཔལ་ལ་རོལ་བཞིན་མཆིས།

ཁམས་པའི་ཕོ་རྒོད། 

ཁམས་པའི་ཕོ་རྒོད་གྲོང་ཚོ།

རྟ་ཐོག་གི་ཁམས་པའི་ཕོ་རྒོད།

ཁམས་པའི་ཕོ་རྒོད།

ཉི་ཟླ་པང་དུ་བཟུང་བའི་སྤང་ཐོག་གི་མཚེའུ།

གསར་འགོད་པ།  ཕྱུག་ལོ། ཤ་བོ་རིན་མཚོ།

སྟོབས་ལྡན་རྒྱལ། སྐལ་བཟང་རྣམ་རྒྱལ།

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ། 
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།