གྲོང་སྟོད་ཡུལ་གྲོང་མཚར་པ། དམངས་ཀྱི་འཚོ་བ་ཕྱུག་པ།
—སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཕྱག་ཕྲེང་རྫོང་ཕྲེང་སྟོད་གྲོང་རྡལ་གྲོང་སྟོད་སྡེ་བས་རིག་གནས་ཡུལ་སྐོར་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་གྱི་བྱ་གཞག་ཐད་གྲུབ་འབྲས་མངོན་གསལ་བླངས།
སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཕྱག་ཕྲེང་རྫོང་ཕྲེང་སྟོད་གྲོང་རྡལ་གྲོང་སྟོད་སྡེ་བས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐིལ་ཕྱིན་དང་། གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་དངོས་འབེབ་དོན་འཁྱོལ་བྱས་ནས། སྡེ་བའི་རང་བྱུང་མཛེས་ལྗོངས་དང་ཡུལ་སྲོལ་རིག་གནས་གཉིས་ཡུལ་སྐོར་འཕེལ་རྒྱས་ཁྲོད་འདྲེས་པར་བྱས་ཏེ། ས་གནས་ཀྱི་ཁྱད་ཆོས་ལ་གཞིགས་ནས་ཐོན་ལས་སྣ་ཚོགས་དར་སྤེལ་བྱས་ཤིང་། ཐོན་རྫས་དག་ཡུལ་དངོས་དང་དྲ་ལམ་ཟུང་འབྲེལ་གྱིས་ཕྱིར་འཚོང་བྱེད་ཀྱིན་ཡོད་ལ། ལོ་རེར་ཡུལ་སྐོར་མགྲོན་པོ་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི་གཉིས་དང་སྟོང་ལྔ་ལ་སླེབས་ཏེ། ཁྱིམ་ཚང་རེའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར་འབུམ་གཅིག་གི་ཡན་ལ་བརྒལ་བས། སྡེ་བ་ཧྲིལ་བོས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་ཕན་ཡོད་སྦྲེལ་མཐུད་བྱས་ཏེ། དུས་རབས་གསར་པའི་དཔལ་ཡོན་གྱི་ལམ་ཆེན་སྟེང་འབྱོར་ཕྱུག་གི་འཚོ་བ་རོལ་བཞིན་མཆིས།
གྲོང་སྟོད་སྡེ་བ་ལ་ཁྱིམ་ཚང་ཞེ་དགུ་དང་མི་གྲངས་སུམ་བརྒྱ་དང་སུམ་ཅུ་ཡོད་ལ། རྨོ་ཞིང་གི་རྒྱ་ཁྱོན་ལ་མུའུ་སུམ་བརྒྱ་དང་བཅུ་གཅིག་ཡོད། སྡེ་བས་གཙོ་བོ་གྲོ་དང་ནས། མ་རྨོས་ལོ་ཏོག ཞོག་ཁོག སྔོ་ཚལ་སོགས་འདེབས་ཀྱིན་ཡོད་པ་དང་། སྡོད་ཁང་གི་མདུན་རྒྱབ་ལ་སིལ་སྡོང་སྣ་ཚོགས་བཙུགས་ནས། འདེབས་འཛུགས་བྱས་པའི་ཞིང་ལས་ཐོན་རྫས་དག་གིས་ཟས་རིགས་སྣ་ཚོགས་ཐོན་སྐྱེད་བྱས་ཏེ། སྡེ་བར་ཡུལ་སྐོར་བྱེད་དུ་ཡོང་བའི་འཛད་སྤྱོད་པ་རྣམས་ལ་ཕྱིར་འཚོང་བྱེད་ཀྱིན་ཡོད་པ་མ་ཟད། དྲ་དཔོན་གྱི་ཐད་གཏོང་ལྟེ་གནས་བཙུགས་ཏེ། ཐོན་རྫས་སྣ་ཚོགས་ཞིང་ཆེན་ཕྱི་ནང་ཀུན་ལ་ཕྱིར་འཚོང་བྱེད་ཀྱིན་ཡོད། དཔེར་ན། ཕྱག་ཕྲེང་མས་ཆིལ་ཆིལ་ཟས་རིགས་ཚད་ཡོད་ཀུང་ཟི་ནི་ཉིས་སྟོང་བཅུ་དགུ་ལོར་ཁེ་ལས་ཀུང་ཟི་ནང་འགུག་གི་རྣམ་པས་སྡེ་བ་འདིར་གནས་ཆགས་ཤིང་། ནས་ཀྱི་ཐོན་རྫས་གཙོ་བྱས་ཏེ་བག་ལེབ་སྣ་ཚོགས་གསར་བཟོ་བྱས་ཤིང་། བསྡོམས་པས་ཤོག་སྒམ་བཟོས་ཏེ་ཁྲོམ་ར་ལ་བཀྲམ་པའི་བག་ལེབ་ཀྱི་ཐོན་རྫས་རིགས་སྣ་བཅུ་ལྷག་ཡོད། ཀུང་ཟི་དེས་སྡེ་བའི་ནང་གི་ཞིང་ལས་རྒྱུ་ཆ་དག་ཉོ་བསྡུ་བྱས་ནས་ཐོན་རྫས་སྣ་ཚོགས་གསར་བཟོ་བྱེད་པ་དང་། སྡེ་བའི་མང་ཚོགས་རྣམས་ལ་ལས་ཞུགས་ཀྱི་གོ་སྐབས་འདོན་སྤྲོད་བྱས་ཡོད་པས། ས་གནས་མང་ཚོགས་ཀྱི་རྒྱབ་སྐྱོར་བླ་མེད་ཐོབ་ཅིང་ཡུལ་སྐོར་འཛད་སྤྱོད་པས་དགའ་བསུ་ཚད་མེད་བྱེད་ཀྱིན་འདུག ཀུང་ཟིའི་ལས་བཟོ་བ་ཚེ་རིང་དབྱངས་སྐྱིད་ཀྱིས་བཤད་རྒྱུར། “ང་ཉིས་སྟོང་ཉི་ཤུ་ལོར་ཀུང་སི་འདིར་ཡོང་བ་ཡིན་ལ། དང་ཐོག་ཟླ་ཕོགས་སྒོར་སྟོང་གཅིག་དང་བདུན་བརྒྱ་ནས་ད་ལྟ་ཟླ་གཅིག་གི་གླ་ཕོགས་སྒོར་སྟོང་གསུམ་ལྷག་ཡོད། དེ་མིན་ཀུང་སི་འདིར་གན་རྒྱ་བཞག་ཡོད་པ་མ་ཟད་སྤྱི་ཚོགས་འགན་སྲུང་གི་ཉེན་ཚབ་ཡང་ཉོས་ཡོད་ལ། ཀུང་སི་འདི་ལྟར་འཕེལ་རྒྱས་ཕྱིན་ན་ང་ཚོའི་མ་འོངས་པའི་འཚོ་བར་ཡང་འགྱུར་ལྡོག་ཆེན་པོ་འབྱུང་སྲིད།”
གྲོང་སྟོད་སྡེ་བའི་ནང་དུ་ལོ་ངོ་ཆིག་སྟོང་འགོར་ལ་ཉེ་བའི་བྱང་ཆུབ་ཤིང་གི་སྡོང་བོ་ཞིག་ཡོད་ལ། སྡོང་བོ་དེའི་མཐའ་རུ་བྱང་ཆུབ་ཤིང་སྡོང་སྣ་ཚོགས་སྐྱེས་ཡོད་པས། བྱང་ཆུབ་ཤིང་གི་སྡོང་བོ་དེ་དག་གིས་སྡེ་བའི་ཡུལ་ལྗོངས་ལ་མཛེས་སྡུག་གི་བཀྲག་མདངས་བསྣན་ཡོད། ཞོར་དུ་སྡོང་བོའི་ཡལ་གའི་སྟེང་དུ་འབུས་པའི་ཤིང་འབྲུ་དག་གིས་བྷོ་ངྷིའི་ཕྲེང་བ་བཟོ་བཞིན་འདུག ཕྲེང་བ་དེ་དག་ཡུལ་སྐོར་བ་མང་པོས་རྒྱུན་དུ་མངགས་ཉོ་བྱེད་ཐེངས་མང་པོ་ཡིན། སྡེ་བའི་ནང་གི་མང་ཚོགས་རྣམས་ཀྱིས་རང་གི་སྲོལ་རྒྱུན་ལག་ཤེས་ལ་བརྟེན་ནས་བྱང་ཆུབ་ཤིང་གི་ཤིང་འབྲུ་དག་བརྡར་ནས་ཕྲེང་བ་ཆེ་ཆུང་སྣ་ཚོགས་བཟོས་ནས་ཕྱིར་འཚོང་བྱེད་ཀྱིན་འདུག དེའི་སྐོར་ནས་སྡེ་བའི་ཕྲེང་འཚོང་བུད་མེད་ཚེ་རིང་གིས་བཤད་རྒྱུར། “ང་རང་གིས་ཕྲེང་བ་བཙོང་ན་ལོ་རེར་སྒོར་སྟོང་བཞི་ལྷག་ཡོད་པ་དང་། ཁྱིམ་དུ་ཞོར་ལས་བྱེད་མཁན་མི་གཉིས་ཡོད་ལ། ངེད་བཟའ་མི་བཞི་ཡི་ལོ་གཅིག་གི་ཡོང་སྒོ་ཕལ་ཆེར་སྒོར་ཁྲི་བཞི་ལྷག་ཡོད།”
ཕྱག་ཕྲེང་ས་ཆ་རུ་ཁང་བ་དཀར་པོ་སུམ་ཐོག་ཅན་འཛུགས་སྐྲུན་བྱེད་སྲོལ་ཡོད་ལ། ཀུན་གྱིས་ཤམ་བྷ་ལའི་མུ་ཏིག་དཀར་པོ་ཞེས་པའི་མཚན་སྙན་ཡང་བསྩལ་ཡོད། གྲོང་སྟོད་སྡེ་བ་ལ་མཚོན་ན། ས་གནས་རང་གི་ཁང་བ་དཀར་པོའི་སྡོད་ཁང་གི་ཁྱད་ཆོས་དེ་རིག་གནས་ཡུལ་སྐོར་གྱི་ཁྲོད་དུ་འདྲེས་པར་བྱས་ཏེ། དམངས་སྲོལ་མགྲོན་ཁང་སྣ་ཚོགས་ཕྱེས་ཤིང་། མགྲོན་ཁང་དེ་དག་ཁེ་ལས་ལ་འགན་ལེན་བྱེད་དུ་བཅུག་ནས། ཡུལ་སྐོར་བ་མང་པོ་སྣེ་ལེན་བྱེད་ཀྱིན་ཡོད། དེའི་སྐོར་ནས་སྡེ་མི་ཨ་མཛོམས་ཀྱིས་བཤད་རྒྱུར། “གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་བཟང་པོ་དང་བསྟུན་ནས་ངེད་ཚང་གི་དམངས་སྲོལ་མགྲོན་ཁང་ཁེ་ལས་ཀུང་སི་ལ་གླས་ཡོད་པ་དང་། ལོ་གཅིག་གི་གླ་རིན་སྒོར་ཁྲི་ལྔ་ཡིན། དེ་མིན་ངེད་ཚང་གི་མི་གཉིས་ཀྱིས་མགྲོན་ཁང་དུ་གླ་བྱེད་ཀྱིན་ཡོད་ལ། ལོ་རེར་མི་གཅིག་གིས་ཡོང་སྒོ་སྒོར་ཁྲི་གཉིས་ལྷག་བཙལ་ཐུབ་ཅིང་། ངེད་བཟའ་མི་ཡོངས་ཀྱི་ལོ་གཅིག་གི་ཡོང་སྒོ་སྒོར་ཁྲི་དགུ་ལྷག་ཡིན་པས། འཚོ་བ་སྔོན་ཆད་ལས་ལྡབ་འགྱུར་གྱིས་ཇེ་བཟང་དུ་སོང་ཡོད།”
ས་གནས་སྲིད་གཞུང་གིས་མ་དངུལ་སྒོར་དུང་ཕྱུར་གཅིག་ལྷག་བཏང་ནས། མིག་སྔར་སྡེ་བའི་ནང་དུ་ཞིང་སྡེའི་སྐར་མ་རིམ་པ་བཞི་ཅན་གྱི་མགྲོན་ཁང་བཞི་ཡོད་ལ། ཞིང་ལས་ཁྱད་ལྡན་ཐོན་རྫས་དང་རིག་གནས་ཡུལ་སྐོར་ཚོང་རྫས་སྣ་ཚོགས་ཐོན་སྐྱེད་བྱས་ཡོད་པ་དང་། སྡེ་བའི་སྲང་ལམ་དང་སྤྱི་བའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱས་ནས། རོང་གྲོང་གི་མཛེས་ལྗོངས་ལ་འཆར་ཡན་གྱི་ཁ་དོག་བསྣན་འདུག སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་རིང་སྟོབས་ལྡན་གྱིས་བཤད་རྒྱུར། “ང་ཚོའི་སྡེ་བར་ཁྱིམ་ཚང་ཞེ་དགུ་ཡོད་པ་དང་། མི་གྲངས་སུམ་བརྒྱ་སོ་དྲུག་ཡོད། ང་ཚོའི་སྡེ་བས་གཙོ་བོ་དམངས་སྲོལ་མགྲོན་ཁང་གཙོ་བོར་གཉེར་བཞིན་ཡོད་པ་དང་། ད་ལྟ་གཉེར་བཞིན་པའི་དམངས་སྲོལ་མགྲོན་ཁང་བཅུ་ཡོད་ལ། མ་འོངས་པར་ལོ་རེར་དམངས་སྲོལ་མགྲོན་ཁང་བཅུ་རེ་གཉེར་ནས་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བར་འབད་ཀྱིན་ཡོད།”
ཕྲེང་སྟོད་གྲོང་རྡལ་གྲོང་སྟོད་སྡེ་བས་ས་གནས་ཀྱི་ཁྱད་ཆོས་ལ་བརྟེན་ནས། རིག་གནས་ཡུལ་སྐོར་གྱི་བྱ་བའི་ཐད་གྲུབ་འབྲས་ཆེན་པོ་བླངས་ཤིང་། གྲུབ་འབྲས་དེ་དག་གིས་མི་དམངས་མང་ཚོགས་ཀྱི་འཚོ་ཚིས་ལ་མཐུན་རྐྱེན་བླ་ལྷག་བསྐྲུན་ཡོད་པས། ཞིང་མཆོག་ཤམ་བྷ་ལ་ཡི་ཁང་བ་དཀར་པོ་རེ་རེའི་ནང་དུ་རྒྱུ་ནོར་ལོངས་སྤྱོད་ཀྱིས་གཏམས་ཤིང་།ཞིང་སྡེ་རུ་གྲོང་ཁྱེར་ཆེན་མོའི་འཚོ་བ་ལོངས་སུ་སྤྱོད་བཞིན་འདུག
སྡེ་བའི་ཕུལ་བྱུང་གཟེངས་རྟགས།
གསར་འགོད་པ། ཕྱུག་ལོ། ཤ་བོ་རིན་མཚོ།
སྟོབས་ལྡན་རྒྱལ། སྐལ་བཟང་རྣམ་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།