སྟག་ཤ་རའི་ལག་གི་སྒྲ་སྙན་མཛེས། ། སྨན་བུ་མོའི་རྒྱབ་ཀྱི་ཤོམ་ལྭ་མཛེས།།
—དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་རོང་རྫོང་ཤུལ་ལུང་ཡུལ་ཚོའི་རྒྱུད་དབྱངས་སྐོར་གྱི་གནས་ཚུལ་བཀོད་པ།
ང་ཚོ《གངས་ལྗོངས་ཀྱི་རྒྱང་སྐྱོད་གསར་པ》ཞེས་པའི་བཅར་འདྲི་ཚན་ཆུང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་རོང་རྫོང་ཤུལ་ལུང་ཡུལ་ཚོ་རྐ་ཞབས་སྡེ་བར་ཐོན་པ་ན། སྡེ་བ་དེ་ནི་གླང་བོ་ཆེ་གྱེན་དུ་འགྲོ་བ་ལྟ་བུའི་རི་བོ་ཆེན་པོ་གཉིས་གཤིབ་པའི་བར་དཀྱིལ་དུ་ཆགས་འདུག་ལ། རི་བོའི་ངོས་སུ་སྔོ་ལྡེམ་ལྡེམ་གྱི་རྐས་ཞིང་མང་པོ་གྲལ་དུ་བསྒྲིགས་འདུག་པ་དེ་ནི། སུ་ཞིག་གིས་ཚོར་འདུའི་འགྱུ་བ་རབ་ཏུ་འཁྲུག་ནས་པུར་རྩེ་ནས་བཞེངས་པའི་སྣུམ་ཚོན་རི་མོ་ཞིག་དང་ཡོངས་སུ་མཚུངས། རི་གཟར་གྱི་ངོས་སུ་ཆགས་པའི་སྡེ་གྲོང་འདིའི་སྲང་ལམ་བརྒྱུད་དུས། ཕྱོགས་དང་ཕྱོགས་སུ་མངའ་རིས་རྒོད་པོའི་སྒྲ་སྙན་གྱི་འགྱུར་ཁུགས་དང་འདྲ་ལ་མ་འདྲ་བ་ཞིག་ཐོས་ཡོང་། མ་གཞི་དེ་ནི་རྒོད་པོའི་སྒྲ་སྙན་མ་ཡིན་ཏེ། ཤུལ་ལུང་ཡུལ་ཚོ་རུ་གདོད་མ་ནས་ཡོད་པའི་རྒྱུད་དབྱངས་ཀྱི་སྒྲ་སྙན་རེད།
མིའི་རིགས་ཀྱི་ཚེ་སྲོག་གི་མྱོང་སྣང་ལ་རོལ་དབྱངས་ཀྱི་དགོས་མཁོ་ཡོད་པའི་དུས་དེ་ནས་བཟུང་། སྒྲ་དབྱངས་སྣ་ཚོགས་ཀྱིས་སྒྱུ་རྩལ་གྱི་མཛེས་པ་རྩལ་དུ་བཏོན་ཞིང་། འཚོ་བའི་སྐྱིད་སྡུག་བར་གྱི་མི་ཚོགས་ལ་ནང་སེམས་ཀྱི་ལོངས་སྤྱོད་གྱ་ནོམ་པ་རེ་བསྩལ་དང་སྩོལ་བཞིན་ཡོད། དེ་ནི་སྒྱུ་རྩལ་བརྩམས་ཆོས་དག་གི་ཐོག་མའི་བྱུང་རྐྱེན་དུ་ངོས་བཟུང་ཆོག་ལ། འཇིག་རྟེན་ཕུན་ཚོགས་ཀྱི་སྙིང་བོ་ལ་རོལ་དབྱངས་དར་བའི་རྒྱུ་རྐྱེན་དུ་ཡང་བསྙད་ཆོག སྡེ་རོང་ས་ཆའི་ཤུལ་ལུང་རྒྱུད་དབྱངས་ཀྱི་འབྱུང་ཁུངས་ཐད་ཀྱང་ས་གནས་མང་ཚོགས་ལ་ངག་རྒྱུན་སྣ་ཚོགས་ཤིག་བཤད་རྒྱུ་ཡོད་མོད།གཏམ་རྒྱུད་ཡོད་ཚད་སྤྱིའི་ཆ་ནས་བོད་ཀྱི་སྒྲ་སྙན་ཀུན་གྱི་འབྱུང་ཁུངས་ཐད་ཀྱི་བཤད་ལུགས་དང་ཁྱད་པར་ཆེར་མི་འདུག ཤུལ་ལུང་རྒྱུད་དབྱངས་ཀྱིས་སྡེ་རོང་ས་ཆའི་རི་དང་ནགས་ཀྱི་གསེབ་ནས་ཁུ་བྱུག་ལྟ་བུའི་འགྱུར་ཁུགས་སྣ་ཚོགས་དབྱངས་སུ་བསྡེབས་མྱོང་ལ། བྲག་དང་གཙང་བོའི་བར་མཚམས་སུ་གཙང་ཆབ་བྲག་ལ་རྡེབ་པའི་སྒྲ་དབྱངས་ལྟ་བུའི་དབྱངས་རྟ་ཅི་དགར་དཀྲོལ་མྱོང་།
སྒྲ་དང་ངག་གི་བར་ན་རྒྱུད་དབྱངས་སྙན་མོའི་རམ་འདེགས་ཀྱིས་བཏེགས་ཤིང་། ལུས་དང་སེམས་ཀྱི་བར་ན་བསམ་པའི་བརྩེ་དུང་གིས་མི་སེམས་སྐྱོམ་པར་བྱེད་པའི་རྒྱུད་སྐུད་འདི་ཉིད་ཀྱིས། ཡུལ་ཕྱོགས་འདིའི་སྨུག་པའི་ཀློང་གི་རྫི་བོ་རེ་རེ་ལ་མི་ཚེ་ཡི་ལས་དབང་དཀྲོལ་དུ་བཅུག་མྱོང་ལ། རྣང་ཞིང་བར་གྱི་རོང་མོ་རེ་རེ་ལ་ཤོམ་འགྲོ་ཡི་འདེགས་འཇོག་བསྩལ་མྱོང་ཞིང་། འཁྲུལ་སྣང་ཀློང་གི་བྱིས་པ་རེ་རེ་ལ་རྨི་ལམ་གྱི་འོད་གཤོག་ཐོགས་སུ་བཅུག་ཡོད། ས་གནས་འདིའི་མི་རྣམས་ཀྱིས་ཁོ་ཚོའི་རྒྱུད་དབྱངས་འདི་ལ་ཁྱད་ཆོས་དགུ་འཛོམས་ཀྱི་རྒྱུད་དབྱངས་ཞེས་མིང་གི་ཆོ་ལོ་ཡག་པོ་ཞིག་བཏགས་ཡོད། དེའི་ཁྱད་ཆོས་སྐོར་ནས་སྡེ་མི་ཤེས་རབ་བློ་གྲོས་ཀྱིས་བཤད་རྒྱུར། “སྒྲ་བརྙན་འདི་ལ་མི་དགོས་དགུ་དགོས་ཀྱི་ཆ་རྐྱེན་བརྩི་སྲོལ་ཡོད་དེ། དབྱིབས་མི་གཅིག་དབྱིབས་སྣ་གསུམ་ཡོད་པ་ནི། སྒྲ་མགོ་རྒྱ་མཚོ་ཆེན་པོ། སྒྲ་དཀྱིལ་ས་གཞི་གསེར་གྱི་མེ་ལོང་། དེའི་འཕྲོ་ཡི་འདི་ལ་ས་པད་མ་འདབ་བརྒྱད་ཆགས་སྟངས་ཟེར། སྐད་མི་གཅིག་སྐད་སྣ་གསུམ་ཡོད་དེ། གཅིག་ནི་ཕོ་སྐད་དང་གཅིག་ནི་མོ་སྐད། བར་གྱི་སྐུད་པ་ཉིས་གཤིབ་དེར་འབྲིང་སྐད་ཟེར། ཤིང་མི་གཅིག་ཤིང་སྣ་གསུམ་ནི། མཐའ་ཤིང་སྟག་མ་ཡིན་དགོས། ཞབས་ཀྱི་ཤིང་ལེབ་དེ་ཤུག་པ་ཡིན་དགོས། མགོ་ཡི་ཤིང་ཆ་དེ་གླང་མ་རེད། སྔོན་ཆད་སྒྲ་སྐུད་རྟ་རྔ་ཡིས་བཟོས་པ་རེད། དེ་དུས་ཕོ་སྐད་ནི་རྟའི་རྔ་མའི་ཉག་མ་བཅུ་གསུམ་གྱིས་བརྒྱུས་ཡོད། འབྲིང་སྐུད་གཉིས་ལ་རྟ་རྔ་བཅུ་རེ་ཡོད།གཉིས་ཀ་འདྲ་འདྲ་ཡིན།མོ་སྐད་ནི་རྟའི་རྔ་མ་བཞི་ཡིས་བརྒྱུས་པ་རེད།”
ས་སྐྱ་པཎ་ཆེན་གྱིས་རོལ་མོའི་བསྟན་བཅོས་ལས།“སྤྱིར་ནི་འཇིག་རྟེན་འདི་ན་ཡང་།། ཡུལ་དང་དུས་ཀྱི་བྱེ་བྲག་དང་།། རྒན་དང་གཞོན་ནུའི་དབྱེ་བ་དང་།། སྐྱེས་དང་བུད་མེད་ལ་སོགས་པའི།། ཁྱད་པར་ཉིད་ཀྱིས་མི་འདྲ་བའི།། དབྱངས་ཀྱི་སྦྱོར་བ་དུ་མ་མཐོང་།། དབུས་པ་རྣམས་ཀྱིས་ལྡིར་ཞིང་འགྱུར།། གཙང་པ་འཚེར་ཞིང་གསལ་བ་ཡིན།། གཙེར་ཞིང་མདུད་པ་མངའ་རིས་པ།། ཁམས་པ་རྣམས་ཀྱི་བརྗིད་ཅིང་གྱོང་།།”ཞེས་ཡུལ་ཕྱོགས་སོ་སོའི་སྒྲ་དང་དབྱངས་ཀྱི་ཁྱད་ཆོས་གསལ་བོར་བསྟན་ཡོད་པ་བཞིན། ཁམས་ཀྱི་ཕྱོགས་སུ་གཏོགས་པའི་སྡེ་རོང་ཤུལ་ལུང་ས་ཆའི་རྒྱུད་དབྱངས་ཀྱི་སྒྲ་དང་ངག་གི་འགུག་ལུགས་སྟེང་ན་བརྗིད་ཅིང་གྱོང་བའི་ཉམས་སྣང་ཞིག་ངང་གིས་སྟེར་བར་བྱེད།
ཁོང་ནི་རྫོང་རིམ་པའི་རྒྱུད་དབྱངས་ཀྱི་རྒྱུན་འཛིན་པ་ཐུབ་བསྟན་ཚེ་རིང་རེད། ལོ་ན་བདུན་ཅུར་བུད་པའི་ཐུབ་བསྟན་ཚེ་རིང་གིས་དུས་རྒྱུན་རྒྱུད་དབྱངས་ཀྱི་དཀྲོལ་སྟངས་དང་ངག་གི་འགུག་སྟངས།རྐང་པ་དང་ལག་པའི་བྲོ་གར་གྱི་ཉམས་འདོན་སྟངས།རྒྱུད་དབྱངས་གསར་བཟོ་བྱེད་པའི་ལག་རྩལ་བཅས་ཕྱི་རབས་པ་རྣམས་ལ་ནུས་ཤུགས་གང་ཡོད་ཀྱིས་དར་སྤེལ་བྱེད་ཀྱིན་འདུག རྒྱུད་དབྱངས་ཀྱི་སྐུད་པ་ནི་སྔོན་ཆད་རྟ་རྔ་ཡིས་ལས་པ་དང་།སེན་ལྡེ་ནི་གླ་ཡི་མཆེ་བ་བྱེད་པ་དང་། ཤིང་ཆ་ནི་གཙོ་བོ་ཤུག་པ་དང་སྟག་མ། གླང་མ་བཅས་གསུམ་གྱིས་བཟོ་བཞིན་ཡོད་པས། བཟོ་སྐྲུན་གྱི་རྒྱུ་ཆ་ཡོད་ཚད་ས་གནས་རང་གི་ཐོན་ཁུངས་ཀྱིས་འདང་ངེས་རེད་མོད། ཁོ་ཚོས་ཡུལ་དུས་དང་བསྟུན་ནས་རྒྱུད་དབྱངས་གསར་བཟོ་ལ་ཡང་སྐྱེ་ཁམས་ཀྱི་རང་བཞིན་ལྡན་ཞིང་སྤུས་ཚད་མཐོ་བའི་སྒོ་ནས་བཟོས་ཏེ། ལག་རྩལ་དེ་ལ་བརྟེན་ནས་འཚོ་བའི་ཡོང་སྒོ་བཙལ་མཁན་ཡང་མི་ཉུང་བ་ཞིག་འདུག རྒྱུད་དབྱངས་བཟོ་རྩལ་གྱི་སྟེང་ན་རྟེན་འབྲེལ་རང་བཞིན་གྱི་ཁྱད་ཆོས་དགུ་འཛོམས་པ་བཞིན་དུ། རྒྱུད་དབྱངས་དཀྲོལ་བཞིན་གླུ་གཞས་གཏོང་དུས་སུ།བུད་མེད་དག་གི་ཤོམ་ལྭའི་སྟེང་ནའང་ཁྱད་ཆོས་དགུ་འཛོམས་ཡོད་ཟེར། དེའི་སྐོར་ནས་སྡེ་བའི་ནང་གི་རྒན་པ་ཞིག་གིས་བཤད་རྒྱུར། “འདི་པགས་པ་རེད། དེའི་གོང་གི་དེ་གོས་གདན་རེད། འདི་ར་དཀར་པོའི་སྤུ་རེད། འདི་ར་ནག་པོའི་སྤུ་རེད། འདི་འདྲའི་ཁྱད་ཆོས་དགུ་ལྷག་འཛོམས་པ་རེད།”
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས《རྒྱལ་ཁབ་ཅིག་དང་མི་རིགས་ཤིག་ལ་བླ་སྲོག་མེད་མི་རུང་》ཞེས་པའི་གསུང་རྩོམ་ལས་རིག་རྩལ་གསར་རྩོམ་དང་རིག་གཞུང་གསར་གཏོད་ལ་བར་སྟོང་ཡངས་པོ་ཡོད་པས། དུས་རབས་དང་གོམ་སྟབས་མཉམ་པར་བྱེད་པ་དང་། མི་དམངས་ལྟེ་བར་བཟུང་སྟེ། བརྩམས་ཆོས་ལེགས་ཤོས་མི་དམངས་ལ་འབུལ་དགོས་ཞེས་གསུངས་པ་ལྟར། སྡེ་རོང་ས་ཆ་རུ་རྒྱུད་དབྱངས་སྙན་མོའི་ཁྲོད་དུ་ལས་དབང་གི་དར་བ་དཀྲོལ་ཡོད་ཅིང་། གཞས་ཚིག་བདེ་མོའི་ཀློང་ན་རིག་གནས་ཀྱི་དྲན་པ་ཉར་ཡོད། ཤུལ་ལུང་ཡུལ་ཚོས་དུས་རབས་གསར་བའི་ལམ་ཆེན་གྱི་སྟེང་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་བྱས་ཏེ། དཔལ་ཡོན་དང་འབྱོར་ཕྱུག་གི་ཕྱོགས་སུ་མཆོང་སྐྱོད་བྱེད་ཀྱིན་མཆིས། ང་ཚོ་བཅར་འདྲི་ཚན་ཆུང་གིས་ཉིན་གཅིག་གི་བཅར་འདྲིའི་ལས་རིམ་ཡོངས་སུ་རྫོགས་ནས། ཕྱིར་ལམ་ལ་ཆས་དུས། ལམ་འགྲམ་གྱི་སྡོང་བསིལ་འོག་ན་བྱིས་པ་འགའ་ཡིས་རྒྱུད་དབྱངས་དཀྲོལ་བཞིན་རྩེད་མོ་ལ་རོལ་བཞིན་གདའ།
གསར་འགོད་པ། ཕྱུག་ལོ། ཤ་བོ་རིན་མཚོ།
སྟོབས་ལྡན་རྒྱལ། སྐལ་བཟང་རྣམ་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།