མཐུན་སྒྲིལ་མེ་ཏོག་ཚོ་དྲུག་སྡེ་བར་བཞད།
ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་ཡན་མིན་ཡུལ་ཚོ་ཚོ་དྲུག་སྡེ་བ་ནི་མི་རིགས་མང་ཞིང་། རིག་གནས་སྣ་མང་གི་ཁྲོད་དུ་འདུས་སྡོད་བྱེད་པའི་སྡེ་བ་ཞིག་རེད། སྡེ་བ་འདིའི་ནང་དུ་མི་རིགས་བདུན་ཡོད་ལ། མི་རིགས་ཕན་ཚུན་བར་མཐུན་སྒྲིལ་དང་རོགས་རེས་ཀྱི་འབྲེལ་བ་ཤིན་ཏུ་བཟང་བས། ཞིང་ཆེན་ཡོངས་ཀྱི་དཔེ་སྟོན་སྡེ་བ་རུ་བདམས་མྱོང་ལ། ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་རྟགས་ཐོབ་མྱོང་།
ཚོ་དྲུག་སྡེ་བར་རུ་ཁག་བདུན་ཡོད་ཅིང་། ཁྱིམ་ཚང་སུམ་བརྒྱ་ང་དགུ་དང་མི་གྲངས་ཆིག་སྟོང་སུམ་བརྒྱ་ང་གཅིག་ཡོད། སྡེ་བའི་ནང་དུ་བོད་རིགས་དང་རྒྱ་རིགས། འཇང་རིགས། ལི་སུའུ་རིགས། པའེ་རིགས། ནུའུ་རིགས། དབྱི་རིགས་བཅས་བདུན་ཡོད། ཡན་མིན་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་བློ་བཟང་ཕུན་ཚོགས་ཀྱིས་བཤད་རྒྱུར། “ཡན་མིན་ཡུལ་ཚོར་མཚོན་ན་སྡེ་བ་བདུན་ཡོད་པ་དང་། སྡེ་བ་བདུན་དུ་ཁྱིམ་ཚང་སྟོང་གཅིག་དགུ་བརྒྱ་གོ་གཉིས་ཡོད་ལ། མི་གྲངས་སྟོང་བདུན་དང་དགུ་བརྒྱ་ང་བརྒྱད་ཡོད། མི་རིགས་བདུན་ཡོད་པ་དང་། མི་རིགས་མཐུན་སྒྲིལ་གྱི་ཐད་ནས་བཤད་ན་ཕན་ཚུན་མཐུན་སྒྲིལ་བྱས་པ་ཧ་ཅང་བཟང་། ཚོ་དྲུག་སྡེ་བར་མཚོན་ནས་བཤད་ན་ཡང་མཐུན་སྒྲིལ་བྱས་པ་ཧ་ཅང་བཟང་། དེ་བས་ང་ཚོའི་བདེ་ཆེན་རྫོང་འདི་ཁུལ་རིམ་པ་དང་རྫོང་རིམ་པའི་མི་རིགས་མཐུན་སྒྲིལ་དཔེ་སྟོན་གནས་སུ་བདམས་ཡོད།”
སྡེ་བ་འདིར་མི་རིགས་ཕན་ཚུན་བར་མཐུན་སྒྲིལ་ཤིན་ཏུ་དམ་ཞིང་། དུས་རྒྱུན་འཚོ་བའི་ཁྲོད་དུ་ཁྱིམ་ཚང་ཕན་ཚུན་བར་དུ་འབྲེལ་འདྲིས་དང་རོགས་རམ་བྱེད་ཅིང་། ཚང་མས་ཁྱིམ་ཚང་གཅིག་གི་འདུ་ཤེས་བཟུང་ཡོད་པ་མ་ཟད། ཁྱིམ་ཚང་གཅིག་གི་ནང་དུ་མི་རིགས་མི་འདྲ་བ་འགའ་རེ་འདུས་སྡོད་བྱས་ཡོད། ཚོ་དྲུག་སྡེ་བའི་སྡེ་མི་འོད་ཟེར་གྱིས་བཤད་རྒྱུར། “ང་ཚོའི་རྒྱལ་ཁབ་ལ་མི་རིགས་ང་དྲུག་ཡོད་པ་དང་། ང་ཚོའི་ཚོ་དྲུག་སྡེ་བར་མི་རིགས་བདུན་ཡོད། སྡེ་བ་མཐུན་སྒྲིལ་བཟང་བོ་བྱུང་བ་འདི་ཡང་གུང་ཁྲན་ཏང་གི་བཀའ་དྲིན་རེད། བུ་མོ་གཉིས་ཀྱིས་ཁྱོ་ག་ལི་སུའུ་རིགས་དང་བོད་རིགས་བཙལ་ཡོད་པ་དང་། ངས་དེ་དག་ལ་ལེ་བདའ་གཅིག་ཀྱང་བྱས་མ་མྱོང་།”
ཚོ་དྲུག་སྡེ་བར་མི་རིགས་མང་ཞིང་རིག་གནས་སྣ་མང་རང་བཞིན་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད། ཁྱིམ་ཚང་གཅིག་གི་ནང་དུའང་བཟའ་མི་རེ་རེའི་ཆོས་ལུགས་ཀྱི་དད་མོས་དང་རིན་ཐང་ལྟ་བའི་ངོས་ནས་མི་འདྲ་བའི་སྣང་ཚུལ་མངོན་ཡོད་མོད། ཕན་ཚུན་བརྩི་བཀུར་དང་འདྲ་མཉམ། དཀྱེལ་ཡངས་བཅས་ཀྱི་སྒོ་ནས་མཉམ་དུ་འཚོ་བ་རོལ་བཞིན་ཡོད། པོ་ལན་ཡུང་ནི་ཚོ་དྲུག་སྡེ་བའི་སྡེ་མི་རེད། ཁོའི་ཨ་ཕ་རྒྱ་རིགས་དང་ཨ་མ་འཇང་རིགས་རེད། ཁོ་ཚང་གི་ཁྱིམ་ཚང་དེ་མི་རིགས་བཞིས་གྲུབ་ཡོད། ཁོས་སྡེ་བའི་ནང་དུ་དམངས་སྲོལ་མགྲོན་ཁང་ཞིག་ཕྱེས་འདུག ཁོས་བཤད་རྒྱུར། “ང་ཚོའི་སྡེ་བའི་ནང་རྒྱ་རིགས་དང་བོད་རིགས། འཇང་རིགས། པའེ་རིགས་སོགས་མི་རིགས་མང་པོ་ཡོད་ལ། དང་ཐོག་ཚང་མ་གནས་འདིར་ཡོང་ནས་བསྡད་པས། མི་རིགས་མང་པོའི་བར་གཉེན་གྱི་འབྲེལ་བ་ཆགས་པ་དང་། ཁྱིམ་ཚང་ཆེན་པོ་ལྟ་བུ་ཞིག་ཏུ་གྱུར། དེ་བས་ཚང་མས་མཐུན་སྒྲིལ་བྱེད་དགོས་ལ། འདི་ནི་ཕ་མེས་ཡང་མེས་ནས་བཞག་པའི་ཕུལ་བྱུང་གི་སྲོལ་རྒྱུན་ཞིག་ཡིན། ངེད་ཚང་ལ་མཚོན་ན་ཨ་ཕ་ནི་རྒྱ་རིགས་ཡིན་པ་དང་ཨ་མ་ནི་འཇང་རིགས་ཡིན། ངེད་ཚང་གི་བུ་མོ་ཆེ་བའི་ཁྱོ་ག་ལི་སུའུ་རིགས་ཡིན་པ་དང་། བུ་མོ་ཆུང་བའི་ཁྱོ་ག་བོད་རིགས་ཡིན། ངེད་ཚང་དུ་མི་རིགས་བཞི་ཡོད་པ་དང་། གལ་ཏེ་མཐུན་སྒྲིལ་མ་བྱས་ཚེ། བྱ་བ་ཅི་ཡང་འགྲུབ་མི་སྲིད།”
ཚོ་དྲུག་སྡེ་བས་མི་རིགས་མཐུན་སྒྲིལ་གྱི་བྱ་གཞག་དེ་བྱ་བ་ཀུན་གྱི་གཙོ་བོ་རུ་བཟུང་ནས། སྡེ་མི་ཚང་མ་སེ་འབྲུ་བཞིན་ཕན་ཚུན་དམ་དུ་འབྲེལ་ཡོད་ལ། དུས་རབས་གསར་པའི་དཔལ་ཡོན་གྱི་འཚོ་བའི་ཀློང་ན་འཆམ་མཐུན་དང་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་འདུག
གསར་འགོད་པ། ཕྱུག་ལོ། ཤ་བོ་རིན་མཚོ།
སྟོབས་ལྡན་རྒྱལ། སྐལ་བཟང་རྣམ་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།