སྐྱེ་ཁམས་སྲུང་སྐྱོབ་པ་སྒྲོལ་མ་སྐྱབས་ཀྱི་མི་ཚེའི་གཏམ་རྒྱུད།
2023.08.01 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 118

         ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ནི་མཚོ་བོད་ས་མཐོའི་ཤར་རྒྱུད་མཐའ་མཚམས་སུ་གནས་པ་དང་། མངའ་ཁོངས་སུ་རང་བྱུང་རྩྭ་ཐང་དང་བརླན་ས་གང་སར་ཁྱབ་ཅིང་། དེ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་ཁུལ་དང་མཁོ་སྤྲོད་ཁུལ་གལ་ཆེན་ཞིག་ཡིན།

སྒྲོལ་མ་སྐྱབས་ནི་རྨ་ཆུ་རྩྭ་ཐང་གི་འབྲོག་པ་ཕལ་བ་ཞིག་ཡིན་ལ། ཁོས་རྩྭ་རའི་ཁོར་ཡུག་དང་ས་ཞིང་བྱེ་འགྱུར་ལ་བདག་སྐྱོང་རྒྱུན་འཁྱོངས་བྱས་ཏེ་ལོ་ངོ་ཉི་ཤུ་ལྷག་ཙམ་འགོར་ཡོད་པ་དང་།  རྨ་ཆུའི་རྩྭ་ཐང་གླེང་མ་ཐག  སྒྲོལ་མ་སྐྱབས་ཀྱི་གདོང་ལ་བརྩེ་བ་ཟབ་མོ་ཞིག་མངོན་ཡོང་ལ། ཁོར་ཡུག་སྲུང་སྐྱོབ་གླེང་སྐབས་ཁོའི་མིག་ཟུང་ཁྲོད་དུ་རེ་བའི་འོད་མདངས་ཀྱིས་ཁེངས་ཡོད། ཁོའི་ཀུན་སློང་ནི་རྨ་ཆུའི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་བཏང་ནས། འབྲོག་པ་ཚོ་འཚོ་གནས་བྱེད་སའི་རྩྭ་ཐང་བྱེ་མར་མི་འགྱུར་བའི་རེ་བ་དེ་ཡིན།

ལྗང་སྒྱུར་མ་བྱས་གོང་གི་བྱེ་ཐང་གི་རྣམ་པ།

རང་བྱུང་དང་མིས་བཟོས་ཀྱི་ཤུགས་རྐྱེན་དབང་གིས་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུ་པར། རྨ་ཆུ་རྩྭ་ཐང་དུ་ཚད་གཞི་མི་འདྲ་བའི་བྱེ་འགྱུར་དང་རྩྭ་ས་ཉམས་ཞན་གྱི་སྣང་ཚུལ་བྱུང་ཞིང་། གད་སྙིགས་ཀྱང་གང་སར་མཐོང་ཐུབ། སྒྲོལ་མ་སྐྱབས་ཀྱིས་རྩྭ་ཐང་གི་གང་སར་གཡུག་པའི་གད་སྙིགས་དེ་དག་གིས་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བཟོ་བཞིན་ཡོད་ལ། བྱ་རིགས་དང་ཉ་རིགས་ལ་ཡང་གནོད་པ་ཐེབས་བཞིན་ཡོད་ཅིང་།  ཞུ་དཀའ་བའི་འགྱིག་ཤོག་སོགས་སྲོག་ཆགས་ཀྱིས་ཁྱུར་མིད་བྱས་རྗེས་གནོད་འཚེ་བཟོ་སྲིད་པས། གད་སྙིགས་འཐུ་བ་ནི་ཁོར་ཡུག་སྲུང་སྐྱོང་བྱ་བའི་གོམ་སྟབས་དང་པོ་ཡིན་པར་འདོད། 2003ལོར་སྒྲོལ་མ་སྐྱབས་ཀྱིས་ཐེངས་དང་པོར་སྡེ་བ་ཡོངས་ཀྱི་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྡེ་བའི་རྩྭ་ཐང་མུའུ2000ལྷག་གི་གད་སྙིགས་གཙང་སེལ་བྱེད་འགོ་བརྩམས།  སྒྲོལ་མ་སྐྱབས་ཀྱིས་བཤད་རྒྱུར། 2003ལོར་ང་ཚོར་རྩྭ་ས་བགོ་དུས་རང་ཉིད་འདུག་སའི་ཁོར་ཡུག་ན་གད་སྙིགས་ཤིན་ཏུ་མང་ཞིང་། འདི་ལྟར་སོང་ཚེ་ཉེ་འཁོར་ཀུན་དུ་གད་སྙིགས་ཀྱིས་བཀང་འགྲོ་བསམ་པས་2012བར་དུ་སྡེ་བའི་མང་ཚོགས་རྣམས་ཁྲིད་ནས་གཙང་བོ་དང་ཉེ་འཁོར་གྱི་ཁོར་ཡུག་ལ་གཙང་སྦྲ་བྱས་པ་ཡིན། 2012ལོར་ཐོན་དུས་ཁོར་ཡུག་གི་གད་སྙིགས་བཏུས་པ་ཙམ་ལས་རྨ་ཆུའི་འགྲམ་རྒྱུད་ཀྱི་རྩྭ་ས་བྱེ་འགྱུར་ལ་འགོག་བཅོས་དང་ཞིག་གསོ་བྱེད་ཐུབ་ན་དེ་ནི་སྔར་ལས་བཟང་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་གལ་ཆེན་ཞིག་རེད་བསམ་པས་ད་རག་བར་དུ་རྒྱུན་བསྐྱངས་ནས་ཡོང་བ་ཡིན།

སྒྲོལ་མ་སྐྱབས་ཀྱིས་སྡོང་བོ་འཛུགས་བཞིན་པ།

སྒྲོལ་མ་སྐྱབས་ཀྱིས་རྩྭ་འདེབས་བཞིན་པ།

སྒྲོལ་མ་སྐྱབས་ཀྱིས་སྡོང་བོ་འཛུགས་བཞིན་པ།

2004ལོར། སྒྲོལ་མ་སྐྱབས་ལ་རྩྭ་ཐང་བྱེ་ཐང་ཅན་དུ་འགྱུར་བ་བཅོས་སྐྱོང་དང་སྔོན་འགོག་བྱེད་པའི་བསམ་ཚུལ་ཞིག་སྐྱེས་ཤིང་། ཐོག་མར་བྱེ་ཐང་ལ་རྩྭ་འདེབས་པའི་མགོ་བརྩམས། ཁོས་རྨ་ཆུ་འགྲམ་རྒྱུད་གཙོར་བྱས་སྐྱ་ཐིང་ཐིང་གི་བྱེ་ཐང་འདི་ཉིད་ལྗང་ནེམ་ནེམ་གྱི་ཡུལ་གྲུ་ཞིག་ཏུ་བསྒྱུར་བར་ནུས་ཤུགས་གང་ཡོད་བཏོན་པ་དང་། 2015ལོར་རྨ་ཆུ་དང་སྤྱི་ལེ20ལྷག་གི་མཚམས་སུ་སྡོང་རྐང2000དང་རྩྭ་རྒྱ་མ2000འདེབས་འཛུགས་བྱས་ཤིང་རིམ་གྱིས་བྱེ་ཐང་འདི་ཉིད་ལྗང་མདོག་གི་ཁྱིམ་གཞིས་ཆེན་པོ་ཞིག་ཏུ་བསྒྱུར་བས།  ས་འདིར་བལྟས་མ་ཐག་ཧ་ཅང་ཉམས་དགའ་བའི་སྣང་བ་ཞིག་སྐྱེས་ཡོང་། སྒྲོལ་མ་སྐྱབས་ཀྱིས་བཤད་རྒྱུར། བྱེ་མའི་སྟེང་དུ་རྩྭ་སྐྱེ་དཀའ་བ་དང་དྲོད་ཚད་ཀྱིས་མི་འགྲིག་པ་སོགས་དཀའ་ལས་གང་མང་ཞིག་བརྒྱུད་མཐར་ད་ནི་བྱེ་འགོག་ལྗང་སྒྱུར་གྱི་བྱ་བ་ཡོངས་སུ་ལེགས་འགྲུབ་བྱུང་ཡོད།

ལྗང་སྒྱུར་རྗེས་ཀྱི་རྣམ་པ།

སྒྲོལ་མ་སྐྱབས་ཀྱི་བྱས་རྗེས་འབུར་ཐོན་ཡིན་པའི་དབང་གིས། 2018ལོར་ཀན་ལྷོ་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་གསར་གཏོད་བྱ་བའི་སྔོན་ཐོན་མི་སྒེར་དང་། ཀན་ལྷོ་ཁུལ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་སྔོན་ཐོན་མི་སྒེར། 2020ལོར་ཀན་སུའུ་ཞིང་ཆེན་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན། 2021ལོར་ཀན་སུའུ་ཞིང་ཆེན་ཡོངས་ཀྱི་སྐབས་གཉིས་པའི་སྤྱོད་བཟང་ཁྱིམ་ཚང་གི་མཚན་སྙན་བཅས་ཞིང་ཆེན་དང་ཁུལ། རྫོང་གི་གཟི་བརྗིད་བྱ་དགའ་ཐེངས་མང་ཐོབ་མྱོང་།

སྒྲོལ་མ་སྐྱབས་ཀྱིས་ད་ལྟའི་བར་དུ་གླེང་རིན་ཡོད་པའི་དོན་གང་མང་བསྒྲུབས་ཤིང་དེ་ལས་མིག་མཐོང་ལག་ཟིན་དུ་གནས་ཡོད་པ་ནི་བྱེ་མའི་ཀློང་ནས་ལྗང་མདོག་གི་འཇིག་རྟེན་ཞིག་མཐོང་རྒྱུ་ཡོད་པ་དེའོ།།

གསར་འགོད་པ།  ཨ་བརྟན་རྒྱལ། ཚེ་བརྟན། 

གཡང་འབུམ་རྒྱལ། ཤ་བོ་གསེར་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ། 
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།