ང་ཚོ་གངས་ལྗོངས་ཀྱི་རྒྱང་སྐྱོད་གསར་པ་ཞེས་པའི་བཅར་འདྲི་ཚན་ཆུང་ཀན་ལྷོའི་གྲོང་སྡེ་དང་པོ་དང་བོད་ཡུལ་བྱང་སྒོ་རུ་འབོད་པའི་ཤིང་སྒོ་སྡེ་བར་ཐོན་པ་ན། སྔ་མོ་ནས་འབབ་བཞིན་པའི་ཆར་ཟིམ་དེའི་འབབ་རྒྱུན་ཡང་རིམ་བཞིན་ཆེ་རུ་ཕྱིན་པ་དང་བསྟུན་ནས། ཤིང་སྒོ་སྡེ་བ་དེ་སྨུག་སྤྲིན་གྱིས་ཡོངས་སུ་གཡོགས་པས་མཐོང་མ་ཐག་ཏུ་མི་སེམས་ཅིག་ཅར་འགུག་པའི་མཛེས་ཉམས་ཤིག་དབང་མེད་དུ་སྟེར། གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བསང་ཆུ་རྫོང་ཆུ་སྔོན་ཡུལ་ཚོ་ཤིང་སྒོ་སྡེ་བ་ནི་ཐེན་ཅིན་ནན་ཁའེ་ཆུས་ཀྱིས་བཏོད་པའི་གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་སྡེ་བའི་ཁྲོད་ཡུལ་སྐོར་ཐོན་ལས་གཙོར་བཟུང་བའི་སྡེ་བ་ཁྱད་པར་བ་ཞིག་རེད། ཐེན་ཅིན་ནན་ཁའེ་ཆུས་ཀྱིས་2021ལོ་དང་2022ལོ་གཉིས་ལ་སོ་སོར་ཤར་ནུབ་རྒྱུད་ཀྱི་མཉམ་ལས་མ་དངུལ་སྒོར་ས་ཡ་དགུ་དང་ཁྲི་ལྔ་དང་། སྒོར་ས་ཡ་གཉིས་དང་འབུམ་དྲུག་བཏང་ནས་ཤིང་སྒོ་སྡེ་བའི་ཡུལ་སྐོར་ཐོན་ལས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་། བསང་ཆུ་རྫོང་ཆུ་སྔོན་ཡུལ་ཚོ་སྤྱི་བའི་ལས་དོན་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རིན་རྡོ་རྗེ་འབུམ་གྱིས་བཤད་རྒྱུར། ང་ཚོ་ཆུ་སྔོན་ཡུལ་ཚོས་ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག 2015ལོ་ནས་ད་རག་བར་དུ་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་བཅོ་ལྔ་དང་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་སྡེ་བ་གཅིག རིག་གནས་ཡུལ་སྐོར་དཔེ་སྟོན་སྡེ་བ་གཉིས། རིག་གནས་ཡུལ་སྐོར་ཆེད་ལས་སྡེ་བ་བཞི་འཛུགས་སྐྲུན་བྱས་ཏེ། ས་གནས་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་བཞིན་ཡོད།
གཙང་ཞིང་གྲལ་དག་པའི་དམངས་ཤག་གི་བར་ཁྱམས།
ཡུལ་སྐོར་བའི་ངལ་གསོའི་གནས་མལ། སྔོན་ཆད་སྡེ་བ་འདིའི་མི་མང་པོ་ཞིག་རི་མགོར་བསྡད་ཡོད་ཅིང་། ཆུ་གློག་ལམ་གསུམ་སོགས་ཀྱང་ཧ་ཅང་སྟབས་བདེ་མིན། ཕྱིས་སུ་ཡུལ་ཚོ་སྲིད་གཞུང་གི་སྣེ་ཁྲིད་དང་རྒྱབ་སྐྱོར་འོག ད་ལྟའི་ཡུལ་འདིར་གནས་སྤར་བ་རེད། རི་མགོ་ནས་གནས་སྤར་ནས་ཡོང་མ་ཐག་དཀའ་ངལ་མང་པོ་ཞིག་ལའང་རིམ་བཞིན་འཕྲད་པ་དང་། རི་སུལ་དུ་རྡོ་བས་ཁེངས་ཤིང་ཐང་རྒོད་དུ་གྱུར་ཡོད་པས་མི་རྣམས་ཀྱིས་མཉམ་དུ་ཁོར་ཡུག་བཅོས་སྐྱོང་བྱེད་པ་ནས་འགོ་བརྩམས་ཏེ་རྡོ་དང་གྲམ་ཐང་ཀུན་ཏུ་རྩྭ་བཏབ་ནས་སྔོ་ལྗང་ཅན་དུ་བསྒྱུར། བསང་ཆུ་རྫོང་ཆུ་སྔོན་ཡུལ་ཚོ་ཤིང་སྒོ་སྡེ་བའི་སྡེ་སྡོད་ལས་བྱེད་པ་བན་དེ་མཁར་གྱིས་བཤད་རྒྱུར། ང་ཚོ་ཧོར་གཙང་ཤིང་སྒོ་སྡེ་བར་མཚོན་ན་རིམ་པ་སོ་སོའི་སྲིང་གཞུང་གི་འགོ་ཁྲིད་དང་ཐུགས་ཁུར། ཐེན་ཅིན་ནན་ཁའེ་ཁུལ་སོགས་ཀྱི་བླ་མེད་རྒྱབ་སྐྱོར་འོག 2015ལོ་ནས་བཟུང་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་དང་རིག་གནས་ཡུལ་སྐོར་གྱི་དཔེ་སྟོན་སྡེ་བ་སོགས་འཛུགས་སྐྲུན་བྱས་པ་དང་། སྤྲོ་སྐྱིད་གླིང་ཀ་གོ་ལྔ་དང་ལྡིང་ཁང་སོ་དགུ དམངས་ཁྲོད་གཞིས་ཁྱིམ་བརྒྱ་དང་དྲུག་སོགས་འཛུགས་སྐྲུན་བྱས་ཡོད། ད་ལོར་མཚོན་ན་སྡེ་བའི་ཡོང་འབབ་སྒོར་ས་ཡ་གསུམ་དང་འབུམ་གསུམ་ལྷག་ལ་སླེབས་ཡོད་པ་དང་། ཁྱིམ་ཚང་སོ་སོའི་ཆ་སྙོམས་ཡོང་འབབ་སྒོར་སྟོང་དགུ་ལ་སླེབས་ཡོད། རྗེས་ཕྱོགས་མུ་མཐུད་དུ་ལམ་ཁ་འདིའི་སྟེང་འཕེལ་རྒྱས་སུ་འགྲོ་བའི་རེ་བ་དང་ཡིད་ཆེས་ཆེན་པོ་ཡོད།
བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་དམངས་ཤག
ཉེ་བའི་ལོ་འདི་དག་གི་རིང་ལ། ཤིང་སྒོ་སྡེ་བས་རྒྱལ་ཁབ་ཀྱིས་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པ་གོ་སྐབས་སུ་བརྩིས་ཏེ། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོུངས་དང་། བདེ་སྡོད་ལས་འཚམ་དང་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བྱེད་པ། སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ལྡན་དུ་གཏོང་བ་བཅས་བྱས་ནས། དེ་སྔའི“དཀའ་ངལ་གྲོང་སྡེ”དེ་རྒྱལ་ཡོངས་ཀྱི་རིག་གནས་དཔེ་སྟོན་གྲོང་སྡེ་རུ་བསྒྱུར་ཡོད་ཅིང་། ཁྱིམ་ཚང་སོ་སོའི་རྨང་གཞིའི་སྒྲིག་བཀོད་དང་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ཇེ་ལེགས་སུ་བཏང་སྟེ། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་ཕྱིན་འདུག
གསར་འགོད་པ། ཨ་བརྟན་རྒྱལ། ཚེ་བརྟན།
གཡང་འབུམ་རྒྱལ། ཤ་བོ་གསེར་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།