སྟག་དམར་གཏེར་ཆུས་ས་གནས་དཔལ་འབྱོར་གོང་སྤེལ་ཐད་གསོན་ཤུགས་བསྩལ།
2023.08.02 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 38

           ཟླ7པའི་ཚེས་15ཉིན། ང་ཚོ་གངས་ལྗོངས་ཀྱི་རྒྱང་བསྐྱོད་གསར་བ་ཞེས་པའི་བཅར་འདྲིའི་ཚན་ཆུང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་གི་ཤིས་ཚང་དགོན་ཕ་བོང་སྟག་དམར་གཏེར་ཆུ་ཚད་ཡོད་ཀུང་ཟི་རུ་ཕྱིན།  རྒྱུས་ལོན་བྱུང་བ་ལྟར་ན།     ཡན་ལག་བརྒྱད་ལྡན་གྱི་ཆུའི་ངོ་བོ་མ་ཉམས་ཤིང་ཕན་ནུས་བཟང་བའི་གཏེར་ཆུ་འདི་ནི་རྒྱལ་ཁབ་ཀྱི་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་པའི་སྲིད་ཇུས་སོགས་ལ་ཁ་ཕྱོགས་ཏེ་བསྒྲུབས་པ་དང་།  ད་ལྟ་རྒྱལ་ཁབ་ཀྱི་ཆོག་མཆན་དང་ཚད་ལྡན་དཔང་ཡིག་ཚང་མ་ཐོབ་ནས་ས་གནས་སོ་སོའི་ཚོང་རར་བཀྲམས་དང་འགྲེམ་བཞིན་འདུག ཕ་བོང་སྟག་དམར་གཏེར་ཆུ་བཟོ་གྲྭའི་གཞུང་ལས་ཁང་གི་ཀྲུའུ་རིན་ནམ་མཁའ་དོན་འགྲུབ་ཀྱིས་བཤད་རྒྱུར། ཕ་བོང་སྟག་དམར་གཏེར་ཆུ་བཟོ་གྲྭ་ནི་2010ལོར་བཙུགས་ཤིང་། རྫོང་ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག རྒྱལ་ཁབ་ཀྱི་ཆོག་མཆན་དང་དཔང་ཡིག་ཚང་མ་ཐོབ་སྟེ་2020ལོ་ནས་བཟུང་ཐོན་སྐྱེད་བྱེད་མགོ་བརྩམས། བཟོ་གྲྭ་འདིས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་དང་གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་ལ་ཁ་ཕྱོགས་ཤིང་། སྤྱི་ཚོགས་ཀྱི་འགན་འཁྲི་དང་དུ་བླངས་ནས་ཉེ་འཁོར་གྱི་མང་ཚོགས་རྣམས་ཀྱི་ལས་ཞུགས་གནད་དོན་ཡང་ཐག་གཅོད་བྱེད་བཞིན་ཡོད།               

2022ལོར་ཀུང་ཟི་འདིས་གཏེར་ཆུ་ཏུན་310ཐོན་སྐྱེད་བྱས་ཤིང་། ཕྱིར་འཚོང་མ་དངུལ་སྒོར་འབུམ་དགུ་དང་ཁྲི་གཉིས་ལྷག་ཟིན་ལ། ད་ལོའི་ཟླ6པའི་བར་དུ། གཏེར་ཆུ་ཏུན་280ཐོན་སྐྱེད་བྱས་ཤིང་། ཕྱིར་འཚོང་མ་དངུལ་སྒོར་འབུམ་བརྒྱད་ལ་སླེབས་པ་དང་། ད་ལོའི་ཕྱིར་འཚོང་བསྡོམས་འབོར་ན་ནིང་ལས་ལྡབ་འགྱུར་གྱིས་འཕར་བའི་རེ་བ་ཡོད་པ་རེད། ཕ་བོང་སྟག་དམར་གཏེར་ཆུ་བཟོ་གྲྭའི་སྤྱིའི་འགན་འཛིན་པ་ཚེ་དཔག་རྡོ་རྗེས་བཤད་རྒྱུར། ང་ཚོའི་ཇོན་རྫས་ལ་གོང་རིམ་སྲིད་གཞུང་གིས་ཞིབ་བཤེར་བྱས་རྗེས་ད་གཟོད་ཚོང་རར་བཀྲམས་པ་ཡིན། དེར་མ་ཟད་འཛད་སྤྱོད་པའི་དགོས་མཁོ་ལྟར་ཐོན་རྫས་ཐོན་སྐྱེད་བྱེད་བཞིན་ཡོད།

ཐོན་སྐྱེད་འཁོར་ཁང་དུ་གཏེར་ཆུ་ཐོན་སྐྱེད་བྱེད་བཞིན་པའི་རྣམ་པ།

ང་ཚོ་ཀུང་ཟི་དེར་ཐོན་པ་ན། རང་འགུལ་ཅན་གྱི་ཐོན་སྐྱེད་འཁོར་ཁང་དུ་འཁྲུག་ཆ་དོད་པའི་ཐོན་སྐྱེད་ཀྱི་རྣམ་པ་དང་ལས་བཟོ་པ་ཚོས་རང་སོ་སོའི་ལས་ཀའི་ཁྱབ་ཁོངས་སུ་གོ་རིམ་ལྡན་པའི་ངང་ལས་ལ་བྲེལ་བཞིན་འདུག ཆུ་ལེན་པ་དང་ཆུ་འཚག་པ། དུག་སེལ་བ། ཆུ་འདྲེན་པ་སོགས་ཀྱི་དུས་འགོའི་གོ་རིམ་ཚར་རྗེས་གཏེར་ཆུའི་ཤེལ་དམ་རེ་རེ་རང་འགུལ་གྱིས་ཐོན་སྐྱེད་འཁོར་ཁང་དུ་གྲལ་འགྲིག་པོས་བསྒྲིགས་ནས་ཨང་རྟགས་རྒྱག་པ་དང་། གློག་སྒྲོན་ལས་བརྟག་དཔྱད་བྱེད་པ། མཚོན་རྟགས་སྦྱོར་བ། སྒམ་ནང་དུ་འཇོག་པ། ཞིབ་དཔྱད་ཚད་ལེན་བྱེད་པ་སོགས་ཀྱི་བརྒྱུད་རིམ་ཡོད་ཚད་བརྒྱུད་རྗེས། ཚད་གཞིར་ལོངས་པའི་གཏེར་ཆུ་དམ་བུ་གཅིག་ད་གཟོད་ཚོང་རར་སྐྱེལ་ཐུབ་ཀྱི་ཡོད། ཕ་བོང་སྟག་དམར་གཏེར་ཆུ་བཟོ་གྲྭའི་ལས་བཟོ་བ་ཚེ་རིང་སྒྲོལ་མས་བཤད་རྒྱུར། ང་བཟོ་གྲྭ་འདིའི་ནང་ཡོང་ནས་ལོ་གསུམ་འགོར་ཡོད། བཟོ་གྲྭ་འདི་དང་ཡུལ་དང་ཁ་ཐག་ཉེ་བ་དང་། ཟླ་ཕོག་ལྟོས་བཅས་ཀྱིས་མཐོ་བ་དང་དུས་ལྟར་སྟེར་བ། མི་སྒེར་གྱི་འགན་སྲུང་ལྔ་སྤྲོད་བཞིན་འདུག་པས་བཟོ་གྲྭ་འདིར་ཡོང་བ་ཡིན་ཟེར།

སྟག་དམར་གཏེར་ཆུ་ཚད་ཡོད་ཀུང་ཟི་ཡིས་དགོན་པའི་རང་ཁ་རང་གསོ་ཙམ་མ་ཟད། ཡུལ་དེའི་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་པའི་འགན་འཁྲི་ཕྲག་ཏུ་འཁུར་ནས། ས་གནས་རང་གི་སློབ་ཆེན་མཐར་ཕྱིན་སློབ་མ་ལས་མིར་བསྡུས་ཡོད་པས། རྫོང་འདིའི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་པར་ཡང་ཕན་ཐོགས་ངེས་ཅན་བསྐྲུན་འདུག མ་འོངས་པར་ཀུང་ཟི་དེས་མུ་མཐུད་དུ་ཐོན་སྐྱེད་སྒྲིག་ཆས་དང་འཁོར་ཁང་ལེགས་སྒྱུར་བྱ་རྒྱུ་མ་ཟད། ཕྱིར་འཚོང་ཁྲོམ་རའི་གཞི་རྒྱ་བསྐྱེད་པ་དང་། ཁེ་ལས་ཀྱི་ཚོང་རྟགས་ཇེ་བཟང་ཇེ་ལེགས་སུ་བཏང་ནས་ཀླུ་ཆུ་རྫོང་གི་དཔལ་འབྱོར་གོང་འཕེལ་ཐད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད།

གསར་འགོད་པ།  ཨ་བརྟན་རྒྱལ། ཚེ་བརྟན། 

གཡང་འབུམ་རྒྱལ། ཤ་བོ་གསེར་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ། 
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།