དབྱར་ཟླ་བདུན་པ་ནི་ས་གཞི་ཀུན་ལ་ལྗང་མདོག་གི་གསོན་ཤུགས་རྒྱས་པའི་དུས་ཚིགས་ཤིག་ཡིན་པ་དང་། ང་ཚོ་གངས་ལྗོངས་ཀྱི་རྒྱང་སྐྱོད་གསར་པ་ཞེས་པའི་བཅར་འདྲི་ཚན་ཆུང་གིས་རེ་བས་གཏམས་པའི་དུས་ཚིགས་འདིར། བཅར་འདྲིའི་གོམ་ཁ“ཐང་ག་སྒྱུ་རྩལ་གྱི་ཕ་ས”རུ་གྲགས་པའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱི་ཕྱོགས་སུ་བསྒྱུར། ཉེ་བའི་ལོ་འགའི་རིང་ལ། ཐུན་རིན་གྲོང་ཁྱེར་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་ཀྱིས་རིག་གནས་ཐོན་ལས་འཕེལ་རྒྱས་ཐད་བྱ་བ་མང་པོ་བསྒྲུབས་ནས་ས་གནས་མང་ཚོགས་རྣམས་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་པར་སྲིད་ཇུས་ཀྱིས་རྒྱབ་སྐྱོར་གང་ལེགས་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་བས། ང་ཚོས་དེའི་སྐོར་ལ་རྒྱུས་ལོན་བྱེད་འདོད་ཀྱི་འདུན་པ་ཅིག་འགོག་མེད་དུ་སྐྱེས།
གསར་འགོད་པ་ཐུན་རིན་གྲོང་ཁྱེར་རོང་བོ་གྲོང་རྡལ་རྒྱ་ཚང་མ་སྡེ་བར་ཐོན་པ་ན། རིག་འབྱུང་གླིང་ཞེས་བྲིས་ཡོད་པའི་ཐོག་བརྩེགས་གསུམ་ཅན་གྱི་ཁང་པ་ཞིག་ང་ཚོའི་མིག་མདུན་དུ་མངོན་ཡོང་བ་དང་། ཤིང་སྒོ་ཆེན་པོ་ཞིག་ཡོད་པ་དེ་ནི་རིག་འབྱུང་གླིང་གི་མདུན་སྒོ་རེད། རྒྱུས་ལོན་བྱུང་བ་ལྟར་ན། རིག་འབྱུང་གླིང་ནི་ཤ་བོ་སྐྱབས་ལགས་ཀྱིས་རང་ཁྱིམ་རྒྱུད་ཀྱི་མི་རབས་ལྔའི་འབག་བཟོ་དང་། ཐང་ཀ་འབྲི་བའི་ལག་རྩལ་རྒྱུད་འཛིན་བྱས་ནས་འཛུགས་སྒྲུབ་བྱས་པ་ཞིག་ཡིན་པ་དང་། ཁོས་ལོ་ངོ་བཞི་བཅུ་ལྷག་གི་རིང་ལ་ཐང་ཀ་འབྲི་བའི་ཕྱོགས་སུ་བརྩོན་འགྲུས་ཀྱི་རྒྱུན་མ་ལྷོད་པས། རང་གི་ཁྱད་ཆོས་ལྡན་པའི་རི་མོ་འབྲི་ལུགས་ཤིག་ཆགས་པ་དང་། སྔ་གཞུག་ཏུ“རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རེབ་གོང་སྒྱུ་རྩལ་གྱི་རྒྱུད་འཛིན་པ”དང་། “ཀྲུང་གོའི་མཛེས་རིས་སྒྱུ་རྩལ་གྱི་སློབ་དཔོན་ཆེན་མོའི”མཚན་སྙན་ཐོབ་ཡོད། རེབ་གོང་སྒྱུ་རྩལ་པའི་རྒྱུད་འཛིན་ཡིན་པའི་ཆ་ནས་རིག་འབྱུང་གླིང་ལ་རེབ་གོང་ཡུལ་གྱི་སྒྱུ་རྩལ་གླིང་གཞན་དག་དང་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་པ་ནི་ཐང་ཀ་དང་། འབག་བཟོ། རྡོ་བརྐོས། ཤིང་བརྐོས་སོགས་ཀྱི་སྒྱུ་རྩལ་སྣ་མང་པོ་འདུས་ཡོད་པ་ཞིག་ཡིན་པ་དང་། ཁོས་རིག་འབྱུང་གླིང་གི་གནས་ཚུལ་ཐད་ནས་ངོ་སྤྲོད་ཐུང་ཐུང་ཞིག་འདི་ལྟར་བྱས་བྱུང་།རིག་འབྱུང་གླིང་བཙུགས་ནས་ད་བར་དུ་ཕལ་ཆེར་ལོ་ངོ་བཅོ་བརྒྱད་ཀྱི་ལོ་རྒྱུས་ཡོད་པ་དང་། འདིའི་ནང་ཁུལ་དུ་སློབ་མ་སྐྱེད་སྲིང་བྱེད་པ་རྨང་གཞི་ཡིན་ཞིང་། སློབ་མ་མང་པོ་ཞིག་མཐར་ཕྱིན་སོང་བ་དང་། སློབ་མ་བསྡུ་བའི་ཐད་ནས་ཀྱང་མི་རིགས་ལ་ཕྱོགས་རིས་མེད་པར་བོད་རིགས་གཙོ་བོ་བྱས་ནས་རྒྱ་རིགས། ཧོར་རིགས། སོག་པོ་སོགས་བསྡུ་བཞིན་ཡོད་པ་དང་། དེའང་། ལྷ་ས་དང་། རྒྱལ་ནང་། ཟི་ཁྲོན། ཀན་སུའུ་སོགས་ནས་ཡོང་བའི་སློབ་མ་མང་པོ་ཞིག་ཡོད་པ་རེད། ད་ལྟའི་བར་སློབ་མ་ལྔ་བརྒྱ་དང་དྲུག་ཅུ་ལྷག་སྐྱེད་བསྲིང་བྱས་ནས་མཐར་ཕྱིན་ཅིང་། དེའི་ནང་གི་ཕུལ་བྱུང་སློབ་མ་བརྒྱ་དང་ཉི་ཤུ་ལྷག་ཙམ་གྱིས་ཀུང་ཟི་དང་བཟོ་གྲྭ་བཙུགས་ནས་སློབ་མ་མང་པོ་སྐྱེད་སྲིང་བྱས་ཏེ། སྤྱི་ཚོགས་ཕན་མང་པོ་ཐོགས་བཞིན་ཡོད་པ་རེད། སློབ་མ་བསྡུ་བའི་ཐད་ནས་སློབ་མར་ཡང་སློབ་ཡོན་མི་དགོས་པ་དང་། ཟ་རིན་མི་དགོས་ལ། འདུག་ཁང་གི་རིན་པ་སོགས་ལེན་བཞིན་མེད།
རིག་འབྱུང་གླིང་གི་མ་འོངས་པའི་འཆར་གཞི་སྐོར་གླེང་སྐབས་ཤ་བོ་སྐྱབས་ལ་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་འདུག
སྤྱི་ཚོགས་ལོ་རེ་ནས་ལོ་རེར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། མ་འོངས་པར་རེབ་གོང་སྒྱུ་རྩལ་པ་ཇི་ལྟར་གསོ་སྐྱོང་བྱས་ན་ཁ་གསོ་ཐུབ་པའི་ཁ་ཕྱོགས་ཡིན་ན། ང་རང་ལ་མཚོན་ན། ལྷ་རིས་སྒྱུ་རྩལ་ལ་ལོ་བརྒྱད་བརྒྱ་ནས་ལོ་སྟོང་ཕྲག་མང་པོ་ཡོད་པའི་ལོ་རྒྱུས་གཞིར་བཅས་རྒྱུད་འཛིན་བྱེད་པ་དེ་རྨང་གཞི་བྱས་ཏེ། གསར་གཏོད་ཀྱི་ལམ་ནས་ཡུལ་སྐོར་ལྗོངས་རྒྱུ་ལ་འཚམ་པའི་ཀླད་པ་མང་པོ་བཀོལ་ནས། ཁ་སང་དེ་རིང་གསར་གཏོད་བྱས་པའི་ལེགས་སྐྱེས་ཀྱི་ཐོན་རྫས་སྣ་ཁ་ལྔ་བཅུ་ནས་དྲུག་ཅུ་གསར་གཏོད་བྱས་ནས་ཕལ་ཆེར་ལེགས་འགྲུབ་བྱུང་ཡོད།
རྟ་མགྲིན་རྡོ་རྗེ་ནི་རིག་འབྱུང་གླིང་དུ་ལོ་མང་པོར་ལྷ་རིས་སྒྱུ་རྩལ་ཕྱོགས་ལ་སློབ་སྦྱོང་བྱེད་མཁན་ཞིག་ཡིན་པ་དང་། ཁོས་གསར་འགོད་པར་འདི་ལྟར་བཤད་བྱུང་། ངའི་ཕ་ཡུལ་རྩེ་ཁོག་གི་ཡིན། ང་རི་མོ་འབྲི་རྒྱུར་ཤིན་ཏུ་དགའ་བས། རེབ་གོང་ལ་ཡོང་ནས་དགེ་རྒན་ཤ་བོ་སྐྱབས་བཙལ་ནས་སློབ་ཡོན་དང་། འདུག་ས། ཟ་མའི་རིན་པ་སྒོར་གཅིག་ཀྱང་སྟེར་མི་དགོས་པ་རེད། དེ་བས། འདི་ནས་རི་མོ་བྲིས་ཏེ་ལོ་དྲུག་འགོར་ཡོད་པ་དང་། ལོ་གསུམ་གྱི་རིང་ལ་སློབ་སྦྱོང་བྱས་པ་དང་། ལོ་བཞི་བ་ནས་ཟླ་རེར་སྒོར་མོ་སྟོང་གསུམ་ནས་སྟོང་བཞི་རེའི་ཟླ་ཕོགས་སྟེར་བཞིན་ཡོད་པས། རང་གི་འཚོ་བའི་ཐད་ལའང་དཀའ་ཁག་མེད་པ་དང་། འཚོ་བ་ལོ་རེ་ནས་ལོ་རེར་ཇེ་བཟང་རེད།
ཕ་ཡུལ་མཚོ་ལྷོ་ནས་ཡོང་བའི་དབང་ཕྱུག་རྒྱལ་ལ་མཚོན་ན། འབག་ལས་རྒྱུར་དགའ་མཁན་ཞིག་ཡིན་ལ། ཁོ་རང་རིག་འབྱུང་གླིང་འདིར་ཡོང་ནས་འབག་བཟོ་བའི་ཐད་སྦྱངས་པ་བྱེད་བཞིན་ཡོད་པ་དང་། འབག་བཟོ་སྒྱུ་རྩལ་གྱིས་ཁོའི་མ་འོངས་པའི་འཚོ་བར་སྔར་ལས་བཀྲག་མདངས་སྣོན་ཐུབ་པར་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད་རྒྱུར།
ང་རང་དམའ་འབྲིང་མཐར་ཕྱིན་རྗེས། རེབ་གོང་ས་ཆར་ཡོང་ནས་འབག་བཟོའི་ཕྱོགས་ལ་སྦྱོང་བ་བྱེད་བཞིན་ཡོད། འདི་ནས་ལག་རྩལ་སྦྱངས་ཐུབ་པས་མི་ཚད། ད་དུང་ཡོང་སྒོ་ཡང་ཅུང་ལེན་ཐུབ་པས་བཟང་པོ་རེད།
སེང་གེ་གཤོང་གི་ཁྱིམ་ཚང་ཕལ་ཆེར་དུ་ལྷ་འབྲི་མི་ཤེས་མཁན་ཉུང་ལ། ང་ཚོ་གསར་འགོད་པ་སེང་གེ་གཤོང་མ་འགོ་སྡེ་བ་རུ་ཡོད་པའི་ཐུན་རིན་གྲོང་ཁྱེར་གསེར་ལྗོངས་སྒྱུ་རྩལ་གླིང་ཐང་ག་བརྒྱུད་སྦྱོང་ལྟེ་གནས་སུ་ཐོན་པ་ན། ལུས་ལ་སྤོབས་པའི་ཉམས་ཀྱིས་ཕྱུག་ཅིང་། བལྟས་ཚོད་ལ་ཕོ་ལོ་སུམ་ཅུ་ལྷག་ལ་སླེབས་པའི་ཤ་བོ་རྒྱ་མཚོ་དང་འཕྲད་བྱུང་། ཁོ2011ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སྡེ་ཁག་ནས་སློབ་མཐར་ཕྱིན་རྗེས། པེ་ཅིང་སོགས་ནང་ལོག་གི་ས་ཆ་འགའ་ཤས་སུ་སོང་ནས་རི་མོ་འབྲི་ལུགས་སྣ་མང་གི་སྐོར་ལ་སྦྱངས་པ་བྱས་པ་དང་། 2015ལོར། ཕྱིར་ཕ་ཡུལ་དུ་ལོག་ནས་ལས་སྐྲུན་བྱེད་མགོ་བརྩམས། དུས་དེར་ས་གནས་སྲིད་གཞུང་གིས་རེབ་གོང་ས་ཆའི་རིག་གནས་ཐད་ཤུགས་རྒྱག་བཞིན་པའི་སྐབས་དང་འཁེལ་བས་མ་དངུལ་སྒོར་མོ་འབུམ་གཉིས་ཀྱི་རོགས་སྐྱོར་ཐོབ་པ་དང་། ཁྱིམ་མིའི་རྒྱབ་སྐྱོར་འོག་ཏུ་སྒྱུ་རྩལ་གླིང་རྒྱ་སྐྱེད་དེ་ད་ལྟའི་ཐོག་བརྩེགས་བཞི་ཅན་ཞིག་ཏུ་ལས་པ་དང་། ད་བར་དུ་སློབ་མ་ཉིས་བརྒྱ་དང་བདུན་ཅུ་ལྷག་སྐྱེད་སྲིང་བྱས་ཡོད་པར་མ་ཟད། ཁོས་སྤོབས་པ་ཆེན་པོས་གསར་སྐྲུན་བྱས་པར་བརྟེན། ད་ལྟ་སྒྱུ་རྩལ་གླིང་དེས“ཀུང་ཟིས་ལས་གཉེར་དང་། རྩལ་ནུས་གསོ་སྦྱོང་། རིག་གནས་ཡུལ་སྐོར་ཐོན་ལས་གཉེར་བ། སློབ་གྲྭ་ཆེན་མོའི་ལས་སྐྲུན”བྱེད་པའི་རྣམ་པའི་ལམ་ནས་སྒྱུ་རྩལ་པ་གསོ་སྐྱོང་དང་། རིག་གནས་དྲིལ་སྒྲོག རིག་གནས་ཡུལ་སྐོར་ཐོན་རྫས་གསར་སྤེལ་བྱེད་བཞིན་ཡོད་པ་རེད། དེ་ལས་གཞན་གསེར་ལྗོངས་སྒྱུ་རྩལ་གླིང་ནི་རེབ་གོང་སྒྱུ་རྩལ་རྒྱུད་འཛིན་དང་རིག་གནས་གསར་སྤེལ་གྱི་ཐོན་རྫས་ལ་ཤུགས་སྣོན་བྱེད་ས་ཞིག་ཀྱང་ཡིན་པ་དང་། ད་ལྟ་དེ་རུ་ལས་བཟོ་བ་སུམ་ཅུ་ལྷག་ཡོད། ཤ་བོ་རྒྱ་མཚོས་གསར་འགོད་པར་གསེར་ལྗོངས་གླིང་གི་ལས་གཉེར་བྱེད་སྟངས་སྐོར་ནས་འདི་ལྟར་བཤད་བྱུང་།
ཁ་སང་དེ་རིང་རིག་གནས་སྒྱུ་རྩལ་གླིང་འདི་རུ་རིག་གནས་ཡུལ་སྐོར་མཉམ་བསྲེས་ཀྱི་བྱ་བ་སྒྲུབ་བཞིན་ཡོད། དེའང་དུས་རབས་ཀྱི་ཁ་ཕྱོགས་དང་མཐུན་པ་དང་། ཡུལ་ལུང་འདིའི་འཕེལ་རྒྱས་དང་འཚམ་པ་ཞིག་རེད། ཁ་སང་དེ་རིང་རིག་གནས་ཐོན་རྫས་ལས་བཞིན་པ་དེ་འདྲ་ཞིག་ཡིན། རིག་གནས་ཡུལ་སྐོར་ཐོན་རྫས་དེ་ཤུལ་བཞག་རིག་གནས་རྒྱུད་འཛིན་བྱས་ཏེ་ལས་བཞིན་ཡོད། འདི་ན་ཡོད་པའི་ཀོ་བའི་ཁུག་མ་དང་། གའུ་ཡི་ཐང་ག་ཆུང་ཆུང་འདི་རིགས་ཡིན་ན་གཅིག་ནས་རིག་གནས་ཀྱི་རིན་ཐང་ལྡན་པ་དང་། གཉིས་ནས་སྟབས་བདེ་བ། གསུམ་ནས་རིན་གོང་བདེ་བས་དང་ལེན་བྱེད་ཐུབ་པ་དང་། ད་ལྟ་ས་གནས་རིག་གནས་ཁྱད་ཆོས་ཀྱིས་བརྒྱན་པའི་ཇ་ཕོར་སོགས་ཐོན་རྫས་སྣ་ཁ་བཅུ་བཞི་ལས་ཡོད། མ་འོངས་པར་མུ་མཐུད་དུ་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་ལ་ཞིབ་འཇུག་བྱས་ནས་མ་ཉམས་གོང་སྤེལ་དང་ཉམས་པ་སླར་གསོའི་ཕྱོགས་ལ་འབད་བརྩོན་བྱས་ནས་གོང་ནས་གོང་དུ་སྤེལ་རྒྱུའི་འཆར་གཞི་ཡོད།
གསེར་ལྗོངས་སྒྱུ་རྩལ་གླིང་གི་ཐང་ཀ་སྒྱུ་རྩལ་གྱི་སྤུས་དག་པ་དང་། སྒྱུ་རྩལ་གྱི་ཉམས་སྣང་གིས་ཕྱུག་པའི་བརྩམས་ཆོས་དེ་དག་གི་ཁྱད་དུ་འཕགས་པའི་འབྲི་ལུགས་དང་ཞིབ་ཚགས་ཀྱི་རྣམ་པར་རྒྱ་ཆེའི་ལྟད་མོ་བས་དགའ་བསུ་ཐོབ་ནས་མངག་ཉོ་བྱེད་བཞིན་ཡོད་པས། སྒྱུ་རྩལ་གླིང་ལ་ཡོང་སྒོ་ཡང་སྐྲུན་བཞིན་ཡོད།
སྒྱུ་རྩལ་གླིང་དེ་རུ་གསར་འགོད་པས་ཤ་བོ་རྒྱ་མཚོའི་ནུ་བོ་ཤ་བོ་བཀྲ་ཤིས་ཀྱིས་ཐད་གཏོང་གི་ལམ་ནས་རྒྱ་ཆེའི་དྲ་གྲོགས་རྣམས་ལ་ཚོང་རྫས་འོས་སྦྱོར་བྱེད་བཞིན་པ་མཐོང་བ་དང་། ཁོས་སེམས་ཞིབ་མོས་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པའི་རྣམ་པ་དེར་ལྟོས་ན། ཁོ་ཡང་རིག་གནས་སྒྱུ་རྩལ་གྱི་ཕྱོགས་ལ་དགའ་མཁན་དང་རྒྱུས་མངའ་ཡོད་མཁན་ཞིག་ཡིན་པ་ངང་གིས་ཚོར་ཐུབ། ཤ་བོ་རྒྱ་མཚོས“ཐད་གཏོང་གི་ལམ་ནས་ཕྱིར་འཚོང་བྱས་པའི་ཐོན་རྫས་ཀྱི་ཡོང་སྒོ་དང་ལྷ་འབྲི་བ་སོགས་ཀྱི་ཡོང་སྒོ་བསྣན་ན། ན་ནིང་སྒྱུ་རྩལ་གླིང་འདིའི་ཡོང་སྒོ་སྒོར་མོ་འབུམ་བརྒྱད་ནས་འབུམ་དགུ་ལྷག་ལ་སླེབས་པ་དང་། ལས་བཟོ་པ་རེར་ཡང་ཆ་སྙོམས་ཀྱིས་སྒོར་མོ་ཁྲི་ལྔ་ནས་ཁྲི་དྲུག་གི་ཡོང་སྒོ་ཡོད”ཅེས་བཤད་བྱུང་།
རིག་འབྱུང་གླིང་དང་གསེར་ལྗོངས་སྒྱུ་རྩལ་གླིང་གི་གྲུབ་འབྲས་དེ་དག་ཤ་བོ་སྐྱབས་དང་ཤ་བོ་རྒྱ་མཚོའི་འབད་བརྩོན་དང་གསར་སྐྲུན་བསམ་བློར་ཁ་འབྲལ་ཐབས་མེད་པ་དང་། ཁོ་ཚོ་དང་འདྲ་བའི་སྒྱུ་རྩལ་པ་མང་པོས་མུ་མཐུད་འབད་བརྩོན་དང་གསར་སྐྲུན་བྱེད་པའི་ཁྲོད། རེབ་གོང་ས་ཆའི་རིག་གནས་སྒྱུ་རྩལ་ལ་དེང་རབས་སྤྱི་ཚོགས་ཁྲོད་གསོན་ཤུགས་གསར་བས་ཁེངས་ཡོད་ཅིང་། རིག་གནས་ཐོན་ལས་ཀྱི་འཕེལ་རྒྱས་བགྲོད་ལམ་སྟེང་། ད་དུང་མང་ཚོགས་སྔར་ལས་མང་པོ་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་ཐུབ་པར་འབད་བརྩོན་བྱས་དང་བྱེད་མུས་སུ་མཆིས།
གསར་འགོད་པ། ཕྱུག་ལོ། བཀྲ་ཤིས་དོན་གྲུབ། ཚེ་རིང་སྒྲོལ་མ། མི་ཕམ་མགོན་པོ།
རྩོམ་སྒྲིག་འགན་འཁུར་བ། ཕྱུག་ལོ།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།