འབྱོར་ཕྱུག་གི་ལམ་ཁར་སྙེག་པའི་རྨ་འགྲམ་གྱི་གླེ་གཞུག་སྡེ་བ།
2023.08.07 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 144

དབྱར་ཟླ་བདུན་པའི་གཅན་ཚ་རྫོང་གི་རི་ཀླུང་ཐམས་ཅད་ལྗང་ནེམ་ནེམ་གྱི་གོས་ཆེན་གྱིས་གཡོགས་ཡོད་པ་དང་། དུས་སྐབས་འདིར། ང་ཚོ་གངས་ལྗོངས་ཀྱི་རྒྱང་སྐྱོད་གསར་པ་ཞེས་པའི་བཅར་འདྲི་ཚན་ཆུང་རྨ་ཆུ་སྔོན་མོ་ལྷོད་ཀྱིས་རྒྱུ་བའི་འགྲམ་རྒྱུད་ན་ཆགས་པའི་གླེ་གཞུག་སྡེ་བར་ཐོན།

གླེ་གཞུག་སྡེ་བ་ནི་སྔོན་ཆད་གཅན་ཚ་རྫོང་གི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་ཡུལ་ཚོ་ཁོ་ན་སྟེ་གཅན་ཚ་ཐང་ཡུལ་ཚོ་རུ་ཡོད་ལ། ས་བབ་མཐོ་ཞིང་འགྲིམ་འགྲུལ་སྟབས་མི་བདེ་བ་དང་། འཐུང་ཆུ་དཀོན་ཞིང་བྱིས་པ་སློབ་གྲྭར་འགྲོ་དཀའ་བ། ནད་པས་སྨན་བཅོས་ཀྱང་བྱེད་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་ཆེད། ཉིས་སྟོང་བཅོ་བརྒྱད་ལོར་རྫོང་མཁར་དང་བར་ཐག་སྤྱི་ལེ་དགུ་ལྷག་མ་གཏོགས་མེད་པའི་རྨ་ཆུའི་འགྲམ་དུ་གནས་སྤར་ནས་ཁྱད་ཆོས་ཅན་གྱི་ཡུལ་ལུགས་མགྲོན་ཤག་དང་གྱོན་ཆས་བཟོ་གྲྭ། ཉི་གློག་ཐོན་ལས། ཞིང་གྲོང་ཡུལ་སྐོར་སོགས་ཀྱི་ཐོན་ལས་དར་སྤེལ་བཏང་སྟེ། ས་གནས་མང་ཚོགས་འབྱོར་ཕྱུག་གི་ལམ་དུ་འཁྲིད་བཞིན་འདུག གཅན་ཚ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་རྡོ་བྷ་རྒྱལ་གྱིས་བཤད་རྒྱུར།   

གཅན་ཚ་རྫོང་གིས་དབུལ་སྐྱོར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་སྤེལ་གྱི་བྱ་བ་དེ་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩིས་ནས་དམངས་ཕན་གྱི་བྱ་བ་གང་མང་བསྒྲུབས་པ་དང་། དཔེར་ན་གླེ་གཞུག་སྡེ་བ་ལྟ་བུར་མཚོན་རྒྱུ་ན། མང་ཚོགས་ཀྱི་འཐུང་ཆུ་དཀའ་བ་དང་། འགྲིམ་འགྲུལ་སྟབས་མི་བདེ་བ། སློབ་གྲྭ་ཐག་རིང་བ། ནད་སྟོན་དཀའ་བ་ལ་སོགས་ཆ་རྐྱེན་ཧ་ཅང་ཞན་པ་རེད། དེའི་རྐྱེན་གྱིས་གཅན་ཚ་རྫོང་ཏང་ཨུ་དང་སྲིད་གཞུང་གིས་གནད་དོན་འདི་དག་ལ་དམིགས་ཏེ། ཁོར་ཡུག་གི་ཆ་རྐྱེན་ཞན་པའི་རི་མགོའི་གནད་དོན་དེ་ཆ་རྐྱེན་བཟང་པའི་རྨ་ཆུའི་འགྲམ་རྒྱུད་དུ་གནས་སྤར་ཏེ། རི་འདབས་ནས་ཐག་གཅོད་བྱས་པའི་ཐབས་ཇུས་དང་བཀོད་པ་འཐེན་ནས2018ལོ་ནས་བཟུང་སྟེ། མ་དངུལ་སྒོར་མོ་བྱེ་བ་བཞི་དང་ས་ཡ་ལྔ་ལྷག་བཏང་སྟེ་གནས་སྤར་ནས་སྡོད་ཁང་དང་། ཆུ་གློག་ལམ་གསུམ་འཛུགས་སྐྲུན་བྱས་པར་མ་ཟད། ཁྱད་ཆོས་ཅན་གྱི་ཡུལ་ལུགས་ཀྱི་དམངས་སྲོལ་དང་གྱོན་ཆས་བཟོ་གྲྭ ཉི་གློག་ཐོན་ལས། ཞིང་གྲོང་ཡུལ་སྐོར་སོགས་ཀྱི་ཐོན་ལས་དར་སྤེལ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་བཅད་པ་དང་ཡོང་སྒོ་འཕར་སྣོན་བྱུང་། དེའི་མི་ཚད་སྡེ་བ་རིམ་པའི་སྤྱིའི་ཡོང་སྒོ་སྔར་ལས་ཇེ་མང་དུ་བཏང་།

གཅན་ཚ་རྫོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དེ་གྲོང་གསེབ་དར་སྤེལ་ཁྲོད་དུ་ལག་བསྟར་བྱས་ཏེ། ཡུལ་ཚོ་དང་སྡེ་བ་སོ་སོར་ཐོན་ལས་དར་སྤེལ་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་གང་ལེགས་བྱེད་བཞིན་འདུག ལྷག་པར་ཏུ་གླེ་གཞུག་སྡེ་བར་མ་དངུལ་འབོར་ཆེན་བཏང་ནས། ས་གནས་མང་ཚོགས་འབྱོར་ཕྱུག་གི་ལམ་དུ་འཁྲིད་བཞིན་འདུག རྫོང་གྲོང་གསེབ་དར་སྤེལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་དོན་གྲུབ་རིན་ཆེན་གྱིས་བཤད་རྒྱུར། 

གཅན་ཚ་རྫོང་གྲོང་གསེབ་དར་སྤེལ་ཅུའུ་ཡིས་ལོ་འདི་འགའི་རིང་ལ། གྲོང་གསེབ་དར་སྤེལ་གྱི་བྱ་བའི་སྟེང་བྱ་བ་སྣ་མང་ཞིག་ལས་ཡོད་པ་རེད། གླེ་གཞུག་སྡེ་བ་འདི་ལྟ་བུར་མཚོན་རྒྱུ་ན། 2018ལོ་ཡས་མས་སུ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གཙོ་བྱས་ཏེ་གྲོང་གསེབ་དར་སྤེལ་ཅུའུ་དང་འབྲེལ་ཡོད་ཀྱི་ལས་ཁུངས་ཚང་མས་གནས་སྤོར་ས་བཙལ་ནས་སྡེ་གཞུང་ས་གནས་འདིར་གནས་སྤར་ཡོང་བ་རེད། བརྟན་འཇགས་ཀྱི་འཚོ་བ་རོལ་བའི་ཆེད་དུ། གྲོང་གསེབ་དར་སྤེལ་ཅུའུ་ཡིས་འདི་ནས་ཐོན་ལས་ལྔ་འཕེལ་རྒྱས་སུ་བཏང་སྟེ། ཁོ་ཚོར་འདི་ནས་ལས་སུ་འཇུག་བཞིན་ཡོད་པ་རེད། རྨ་འགྲམ་གྱི་མགྲོན་ཁང་དང་། ཟ་ཁང་གཙོ་བྱས་ཏེ་ཐོན་གཉེར་བྱེད་བཞིན་ཡོད་པ་དང་། ད་དུང་སྡེ་བ་གཞུང་ལ་དར་སྐུད་དམར་པོ་འཚེམ་བཟོ་ཁང་ཞིག་བཙུགས་ཡོད་པ་དང་། དེའི་ཕན་ཆད་ནས་སྡེ་བའི་ཁྱིམ་ཚང་གི་ཁང་ཀླད་དུ་ཉི་གློག་བཙུགས་ཏེ་སྡེ་མིར་ཆ་རྐྱེན་སྐྲུན་པའི་བྱ་བ་གང་མང་མང་ཞིག་ལས་བཞིན་ཡོད། ང་ཚོའི་མགྲོན་ཁང་འདི་ལྟ་བུར་མཚོན་རྒྱུ་ན། འཛུགས་སྐྲུན་སྡེ་གཞུང་གིས་བྱས་པ་དང་། སྡེ་བའི་ནང་གི་ཕོ་མོ་ལ་དབྱེ་བ་མེད་པར་འདི་རུ་ཞབས་ཞུ་ལས་ཀ་གཉེར་ཆོག་པ་དང་། དེའི་མི་ཚད་གོན་རྒྱུ་བཟོ་གྲྭར་མཚོན་ནའང་། སྡེ་བའི་ནང་གི་བུད་མེད་སྒོ་ཕྱིར་ཞོར་ལས་ལ་འགྲོ་མི་ཐུབ་པ་ལ་སྡེ་བའི་ནང་གི་དར་སྐུད་དམར་པོ་ཚད་ཡོད་ཀུང་ཟི་ནང་བླངས་ཏེ། བཟོ་གྲྭའི་ནང་ལས་ཀ་ལས་ནས་སྒོར་མོ་བཙལ་དུ་འཇུག་བཞིན་ཡོད།

སྔོན་ཆད་འཐུང་ཆུ་དཀོན་པ་དང་ལམ་མི་བདེ་བ་སོགས་ཀྱི་གནད་དོན་ཡོད་ཚད་ད་ལྟ་གཞི་ནས་ལོ་རྒྱུས་སུ་གྱུར་པ་དང་། སྡེ་མི་ཡོངས་ལ་ཕྱུག་འགྱུར་གྱི་ལམ་སྣེ་སྙེག་པའི་ཆོད་སེམས་བརྟན་པོ་ཡོད་ཅིང་། མ་འོངས་པའི་བདེ་སྐྱིད་འཚོ་བར་ཡིད་ཆེས་ཀྱིས་ཁེངས་འདུག སྡེ་མི་ལྷ་མོ་སྒྲོལ་མས་གསར་འགོད་པ་དག་ལ་ཁོ་ཚང་གི་ལོ་འདི་འགའི་འགྱུར་ལྡོག་སྐོར་ནས་བཤད་རྒྱུར། 

ངེད་ཚང་གི་ཁྱིམ་ཚང་སྐོར་ནས་བཤད་ན། ཨ་མ་སྡེ་བའི་བཟོ་ཁང་ནང་དུ་ཡོད་པ་དང་། ཨ་ཕ་དམངས་སྲོལ་མགྲོན་ཁང་དུ་ཡོད་ལ། ང་རང་གིས་ཞིང་བའི་སྤྲོ་ཁྱིམ་ཁང་ཕྱེས་ཡོད་པས། སྒོ་ཕྱིར་ལས་ཀར་འགྲོ་མི་དགོས་པ་རེད། ཆ་རྐྱེན་ལོངས་ཡོད་ཀི འདི་ནས་སྒོར་མོ་ཡང་བཙལ་ཐུབ་ཀི

གླེ་གཞུག་སྡེ་བ་རུ་རིག་གནས་ཡུལ་སྐོར་གྱི་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས། ཡུལ་སྐོར་ཚོང་འགུག་གི་ཐབས་ལམ་ལ་བརྟེན་ནས་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་འབྱུང་བར་འབད་པ་བྱེད་ཀྱིན་འདུག སྡེ་བའི་ཡུལ་ལུགས་མགྲོན་ཤག་དང་ཟ་ཁང་སོགས་ཀྱང་ཚད་ལྡན་གྱི་ཆུ་ཚད་དུ་སླེབས་པར་བྱས་ཡོད། སྒོས་སུ་སྡེ་བའི་ནང་གི་བུད་མེད་དང་ངལ་རྩོལ་པ་ལྷག་མ་རྣམས་ལ་རྩལ་ནུས་གསོ་སྦྱོང་བྱས་ཏེ། བོད་ལྭ་དང་སློབ་ལྭ་བཟོ་བའི་ལག་རྩལ་གསབ་སྦྱོང་བྱས་ཤིང་། ཁོ་ཚོར་ཁེ་ལས་གཉེར་བའི་སྟེགས་བུ་འདོན་སྤྲོད་བྱེད་ཆེད་དུ། དར་སྐུད་དམར་པོ་ཚེམ་བཟོ་མཐུན་གཉེར་ཁང་གསར་འཛུགས་བྱས་ཏེ། རྫོང་ཡོངས་ཀྱི་སློབ་གྲྭ་སོ་སོའི་སློབ་ལྭ་བཟོ་བ་དང་། བོད་ལྭ་དང་དེང་རབས་གྱོན་ཆས་ཀྱི་རིགས་འཚེམ་བཟོ་བྱེད་ཀྱིན་འདུག དེའི་སྐོར་ནས་སྡེ་སྡོད་ཧྲུའུ་ཅུ་དང་པོ་ཆོས་མཚོ་ཡིས་བཤད་རྒྱུར། 

དར་སྐུད་དམར་པོ་ཚེམ་བཟོ་མཐུན་གཉེར་ཁང་འདི་གཞན་པའི་མཐུན་གཉེར་ཁང་དང་མི་འདྲ་ས་ཞིག་ཡོད་ནོ། ང་ཚོ་སྡེ་བ་ནང་གི་བུད་མེད་ཚང་ཟབ་སྦྱོང་བྱས་ནས་ཡོང་སྒོ་བཙལ་བ་དང་། དཔལ་འབྱོར་ཇེ་རྒྱས་ཇེ་ལེགས་སུ་གཏོང་བའི་ཆེད་དུ། ང་ཚོས་འདི་འདྲའི་ཚེམ་བཟོ་ཁང་ཞིག་བཙུགས་པ་རེད། དང་ཐོག་ཁོ་མོ་ཚོས་ཉིན་གཅིག་ལ་ཁུག་མ་སུམ་ཅུ་ལྷག་མ་གཏོགས་ལས་ཐུབ་ཀྱིན་མེད་པ་དང་། ད་བར་ཉིན་གཅིག་ལ་ཁུག་མ་ཉིས་བརྒྱ་ལྷག་ལས་ཐུབ་པས། ང་ཚོར་མཚོན་རྒྱུ་ནའང་། སྙིང་སྟོབས་ཡོད་པ་དང་། རྗེས་ཕྱོགས་བབ་རྒྱུ་རེད་འདོད་པའི་སེམས་ཤུགས་ཡོད་པར་གྱུར།

གླེ་གཞུག་སྡེ་བས་རྨ་ཆུའི་འགྲམ་རྒྱུད་ཀྱི་ཡུལ་སྐོར་ལྗོངས་རྒྱུའི་དགེ་མཚན་དང་ཡུལ་ལུགས་མགྲོན་ཤག་གི་ཐོན་ལས་དར་སྤེལ་སོགས་ཀྱི་བྱེད་ཐབས་སྣ་མང་བརྒྱུད་ནས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་ཧུར་བརྩོན་བྱེད་བཞིན་འདུག

གསར་འགོད་པ། ཕྱུག་ལོ། བཀྲ་ཤིས་དོན་གྲུབ། ཚེ་རིང་སྒྲོལ་མ། མི་ཕམ་མགོན་པོ། 

རྩོམ་སྒྲིག་འགན་འཁུར་བ། ཕྱུག་ལོ། 

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།