སྔོ་ལྗང་གི་རི་ཆུར་བརྟེན་ནས་འབྱོར་ཕྱུག་གི་ལམ་དུ་སྙེག
2023.08.07 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 126

དྲོད་འཇམ་གྱི་ཉི་ཟེར་རེབ་གོང་གསེར་མོ་ལྗོངས་སུ་ལྷོད་ཀྱིས་འཕྲོས་པ་ན། གངས་ལྗོངས་ཀྱི་རྒྱང་སྐྱོད་གསར་པ་ཞེས་པའི་བཅར་འདྲི་ཚན་ཆུང་ཐུན་རིན་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་སུམ་ཅུ་ལྷག་གི་སར་ཡོད་པའི་བཙན་མོ་ཡུལ་ཚོའི་ཕྱོགས་སུ་བསྐྱོད། བཙན་མོ་ཡུལ་ཚོ་ནི་ཕྱོགས་བཞི་རི་བོས་བསྐོར་ཞིང་། སྟོད་ན་ཚང་ཚིང་ནགས་ཚལ་སྟུག་པོ་ལྷུན་གྱིས་གྲུབ་པ་དང་། སྨད་ན་བཙན་མོ་ཆུ་མཛོད་སྔོ་ལྡེམ་མེར་འཁྱིལ་ཞིང་། བར་དུ་ལྗང་ནེམ་ནེམ་གྱི་རྣང་ཞིང་གྲུ་བཞིར་ལོ་ལེགས་སྨིན་ལ་ཉེ། ཉེ་བའི་ལོ་འདི་དག་གི་རིང་། ས་ཆ་འདིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ཡག་པོ་བྱས་འདུག ང་ཚོ་གསར་འགོད་པའི་རླངས་འཁོར་བཙན་མོ་སྡེ་འདབས་བརྒྱུད་དེ་ཕར་ལ་སོང་བ་ན། ཨར་འདམ་གྱིས་ལས་པའི་གཞུང་ལམ་ཕྲ་མོ་ཞིག་རི་སྐེད་དུ་འཐེན་འདུག་པ་དང་། ལམ་བར་དུ་བོད་ཀྱི་ཁྱད་ཆོས་ལྡན་པའི་སྤྲོ་གསེང་ཤིང་ཁང་ཆུང་ཆུང་འགའ་ཡང་མིག་ལམ་དུ་མཐོང་བྱུང་། དེ་དང་ཐག་མི་རིང་བའི་ནགས་འདབས་སུ་དེང་རབས་བཟོ་བཀོད་ཀྱིས་ལེགས་པར་སྤུད་པའི་ཤེལ་སྒོ་མང་པོའི་ཁང་པ་འགའ་ལས་ཡོད། རྒྱུས་ལོན་བྱས་པ་བརྒྱུད།  སྤྲོ་གསེང་བྱེད་ས་དེའི་མིང་ལ་སྟོང་བསང་གཞིས་ཤག་ཟེར་ཞིང་། དེ་ནི་བཙན་མོ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་གཞི་ཞིག་ཡིན་པ་དང་། སྲིད་གཞུང་གིས་མ་དངུལ་གྱི་རོགས་སྐྱོར་བྱས་ནས2021ལོར་ལས་མགོ་བརྩམས་ཏེ2022ལོའི་ཟླ་དགུ་བར་ལེགས་འགྲུབ་བྱུང་ཞིང་། དེ་རུ་ཉིས་ཐོག་ཅན་གྱི་མགྲོན་ཁང་དགུ་ཡོད་པ་དང་། འདུག་ས་དང་། ཟ་མ་ཟ་ས། ཁང་པའི་ཕྱི་རོལ་དུ་སྤྲོ་གསེང་བྱེད་ས་སོགས་ཡོད་པར་མ་ཟད། མགྲོན་པོ་དགུ་བཅུ་ཙམ་ལ་སྣེ་ལེན་བྱེད་ཐུབ།

དབྱང་ཡན་ཞིན་ནི་ཟི་ལིང་ནས་ཡོང་བའི་ཡུལ་སྐོར་བ་ཞིག་ཡིན་པ་དང་། ལས་འཁྱུར་ངལ་གསོ་བྱས་རྗེས། དེ་རིང་ཁོ་འདིར་ཡོང་ནས་སྤྲོ་གསེང་བྱེད་བཞིན་ཡོད། ཁོས་འདི་ནས་དམེ་ཤུལ་ནགས་ཀྱི་མཛེས་པའི་ཟུར་གཞན་ཞིག་མྱོང་རོལ་བྱེད་བཞིན་དགའ་སྤྲོའི་ངང་བཤད་རྒྱུར། 

ང་ཟི་ལིང་ནས་ཡོང་བའི་ས་གཤིས་ཕྱོགས་ཀྱི་བྱ་བ་བསྒྲུབས་མྱོང་མཁན་ཞིག་ཡིན། དེ་རིང་བཙན་མོ་ཁོག་འདིར་ཡོང་ནས་བལྟས་ན། ས་ཆ་འདིའི་ཆུའི་ཐོན་ཁུངས་དང་། ནགས་ཚལ་གྱི་ཐོན་ཁུངས། རྩྭ་སར་སྲུང་སྐྱོབ་བྱས་པ་ཤིན་ཏུ་ལེགས།གཞིས་ཤག་དེ་རུ་སྤྱི་གཉེར་བ་ཚེ་རིང་རྣམ་རྒྱལ་གྱི་བཀོད་སྒྲིག་འོག་ཞབས་ཞུ་མང་པོ་ལས་ལ་བྲེལ་བཞིན་འདུག ཁོས་སྟོང་བསང་གཞིས་ཤག་གི་གནས་ཚུལ་སྐོར་ནས་གསར་འགོད་པར་འདི་ལྟར་བཤད་བྱུང་།

ངའི་ལས་ཀ་དོ་དམ་གྱི་ཕྱོགས་ཡིན་པ་དང་། དུས་རྒྱུན་འགྲུལ་བ་ཡོང་ན་ཁོར་ཡུག་དང་མགྲོན་ཁང་ངོ་སྤྲོད་བྱེད་བཞིན་ཡོད་པ་དང་། མགྲོན་ཁང་ལ་འདུག་དུ་འཇུག་བཞིན་ཡོད། དེའི་འཕྲོར་ཟ་ཁང་གི་ཕྱོགས་ཡིན་ན། ཟ་མ་དང་ཞབས་ཞུའི་ཕྱོགས་ལ་འགན་ཁུར་ནས་ལྟ་བཞིན་ཡོད། ལས་བཟོ་བ་ཚང་མ་བཙན་མོ་ར་འདིའི་མཐའ་འཁོར་གྱི་སྡེ་བ་དག་གི་ཡིན། ཁོ་ཚོ་ཡིན་རྒྱུ་ན་སློབ་ཆེན་དང་འབྲིང་རིམ་ནས་མཐར་ཕྱིན་རྗེས། ཕྱིར་འདིར་ཡོང་ནས་བྱ་བ་ལས་བཞིན་ཡོད། 

ད་ལོ་ལོ་ཉེར་བཞི་ཡིན་པའི་སྙིང་མོ་སྐྱིད་ཆེད་སྦྱོང་སློབ་གྲྭ་ནས་མཐར་ཕྱིན་རྗེས། ཕྱིར་ཕ་ཡུལ་དུ་ལོག་ནས་སྟོང་བསང་གཞིས་ཤག་འདི་རུ་ལས་ཞུགས་བྱེད་བཞིན་ཡོད་པ་དང་། རང་ཁྱིམ་གྱི་ཐག་ཉེ་ས་རུ་བྱ་བ་ཞིག་རྙེད་པས། ཁོ་མོ་དགའ་སྤྲོ་ཆེན་པོ་སྐྱེས་འདུག མོས་བཤད་རྒྱུར།

ང་སློབ་གྲྭ་མཐར་ཕྱིན་རྗེས། འདིར་ཡོང་ནས་བྱ་བ་ལས་བཞིན་ཡོད། ཟླ་རེར་སྒོར་མོ་སྟོང་བཞི་ཡོད་ཀི རང་ཁྱིམ་ལའང་ཐག་ཉེ་གི དེ་བས་ཧ་ཅང་ལེགས་པ་རེད།

བཙན་མོ་ས་ཆ་འདིར་སྔོན་ཆད་ལམ་མི་བདེ་བ་དང་། དཔལ་འབྱོར་གྱི་ཆ་རྐྱེན་ཤིན་ཏུ་ཞན། བཙན་མོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཁོན་ཐར་ཚེ་རིང་ལ་མཚོན་ནས་བཤད་ན། ཕ་ཡུལ་གྱི་འགྱུར་ལྡོག་དངོས་སུ་བརྒྱུད་མྱོང་མཁན་ཞིག་རེད། ཁོས་བཤད་རྒྱུར།

ང་ཚོ་བཙན་མོ་སྡེ་བ་འདིར་མཚོན་ན། རི་ཆུ་ནགས་གསུམ་འཛོམས་ཡང་། ང་ཚོ་སྡེ་བ་འདིར་ཞིང་ས་ཉུང་བ་དང་། རྩྭ་ས་ཉུང་བར་དམིགས་ཏེ། རྫོང་རིམ་པ་དང་ཡུལ་ཚོ་ཏང་ཨུ་ཡིས་ང་ཚོས་ཡུལ་སྐོར་གཉེར་བའི་ཕྱོགས་ལ་རྒྱབ་སྐྱོར་དང་ཤུགས་བརྒྱབ་པ་དང་། ད་སྔ་ཡུལ་སྐོར་ལ་ཡོང་མཁན་ཡང་མང་བ་དང་། དེ་ཡིན་ན་མང་ཚོགས་ཀྱི་ཡོང་སྒོའང་ཇེ་མང་དུ་འགྲོ་བཞིན་འདུག  

བཙན་མོ་ཡུལ་ཚོས་ས་གནས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་ཤུགས་སྣོན་བྱེད་བཞིན་འདུག “སྟོང་བསང་གཞིས་ཤག”ལ་མཚོན་ནས་བཤད་ནའང་། ན་ནིང་ཟླ་གཅིག་གི་རིང་ཚོད་ལྟའི་ཚུལ་དུ་ལས་གཉེར་བྱས་པ་བརྒྱུད་མ་དངུལ་སྒོར་མོ་ཁྲི་དགུ་ཡི་ཡོང་སྒོ་བླངས་པ་དང་། ད་ལོའི་ཟླ་ལྔ་བའི་ཚེས་གཅིག་ཉིན་ནས་སྟོང་བསང་གཞིས་ཤག་གིས་དངོས་སུ་འགྲུལ་བ་སྣེ་ལེན་བྱེད་མགོ་ཚུགས་ཤིང་།  ཡུལ་སྐོར་བ་མང་པོ་རྒྱུན་མི་ཆད་པར་འདིར་ཡོང་བཞིན་འདུག ད་ལྟ“སྲིད་གཞུང་གིས་སྣེ་ཁྲིད་དང་། ཀུང་ཟིས་བདག་གཉེར། མང་ཚོགས་ཀྱིས་ཁེ་ཕན་ལེན་པའི”གསར་སྐྲུན་ལས་གཉེར་བྱེད་སྟངས་སྤྱད་དེ། མང་ཚོགས་ཕྱུག་པོ་ཆགས་པར་ལམ་ཁ་གསར་བ་ཞིག་རྙེད་འདུག བཙན་མོ་ཡུལ་ཚོ་མི་དམངས་སྲིད་གཞུང་གི་འགོ་གཙོ་ནོར་བུ་འབུམ་རྒྱལ་གྱིས་ཡུལ་ཚོ་ཡོངས་ཀྱི་མང་ཚོགས་ཀྱི་ཡོང་སྒོ་ཇེ་བཟང་དུ་གཏོང་བའི་ཐད་ནས་བཤད་རྒྱུར། 

ང་ཚོ་བཙན་མོ་ཡུལ་ཚོར་སྡེ་བ་བཞི་ཡོད་པ་དང་། ན་ནིང་ཐུན་རིན་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གིས་གྲོང་ཁྱེར་རིམ་པའི་གྲོང་གསེབ་དར་སྤེལ་གྱི་མ་དཔེ་སྟོན་སའི་སྡེ་བ་བརྒྱད་ཀྱི་གྲས་སུ་བཞག་སྟེ། མ་དངུལ་སྒོར་མོ་བྱེ་བ་བཞི་དང་ས་ཡ་གསུམ་བཏང་ནས་ཞིང་སྡེ་འཛུགས་སྐྲུན་བྱས་པ་དང་། དེ་ཡིན་ན་གྲོང་གསེབ་དར་སྤེལ་བྱས་ཏེ། ཕལ་ཆེར་སྡེ་བ་རེ་རེར་ཐོན་ལས་རེ་ཡོད་པ་མངོན་འགྱུར་བྱུང་ཡོད། 

སྔོན་ཆད་མི་མང་པོར་རྒྱུས་མངའ་ཆེན་པོ་མེད་པའི་སྲོལ་རྒྱུན་སྡེ་བ་འདི་ད་ལྟ་རང་བྱུང་གི་རི་ཆུའི་མཛེས་ལྗོངས་ལ་བརྟེན་ནས་ཐག་ཉེ་རིང་ཀུན་གྱི་ཡུལ་སྐོར་བ་མང་པོས་ལྗོངས་རྒྱུ་བྱེད་ས་ཞིག་ཏུ་གྱུར་ཡོད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཁྲོད་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་རྒྱུ་དེའང་བཙན་མོ་ས་ཆའི་མང་ཚོགས་རྣམས་འབྱོར་ཕྱུག་གི་ལམ་དུ་སྙེག་པའི་ཐབས་མཆོག་ཞིག་ཏུ་གྱུར་ཡོད།

གསར་འགོད་པ། ཕྱུག་ལོ། བཀྲ་ཤིས་དོན་གྲུབ། ཚེ་རིང་སྒྲོལ་མ། མི་ཕམ་མགོན་པོ། 

རྩོམ་སྒྲིག་འགན་འཁུར་བ། ཕྱུག་ལོ། 

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།