དབྱར་གྱི་མཛེས་པ་མ་ལུས་ཡོངས་སུ་རྫོགས་པའི་དུས་ཚིགས་འདིར། ང་ཚོ་གངས་ལྗོངས་ཀྱི་རྒྱང་སྐྱོད་གསར་པ་ཞེས་པའི་བཅར་འདྲི་ཚན་ཆུང་གནའ་མཁར་ཟི་ལིང་ནས་ལམ་ལ་ཆས་ཏེ། རྨ་ཀླུང་སྔོན་མོ་དལ་གྱིས་འབབ་པའི་གཅན་ཚ་རྫོང་གི་གྲོང་གསེབ་དར་སྤེལ་ཐོན་ལས་གླིང་ལ་བཅར་འདྲིར་ཕྱིན། ཐོན་ལས་གླིང་དེ་ནི་གཅན་ཚ་རྫོང་མཁར་དང་བར་ཐག་སྤྱི་ལེ་གཉིས་ལྷག་གི་མཚམས་སུ་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་ས་མུའུ་སུམ་བརྒྱ་དང་བརྒྱད་ཅུ་ཡོད་ཅིང་། ཐོན་ལས་གླིང་འདིས་ས་གནས་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་དང་མང་ཚོགས་ཀྱི་ཡོང་འབབ་ཐད་ལ་ཕན་ཁེ་གང་མང་བསྐྲུན་འདུག དེའི་སྐོར་ནས་གཅན་ཚ་རྫོང་གྲོང་གསེབ་དར་སྤེལ་ཐོན་ལས་གླིང་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལྷ་ལུང་ཚེ་རིང་གིས་བཤད་རྒྱུར།
གཅན་ཚ་རྫོང་གྲོང་གསེབ་དར་སྤེལ་ཐོན་ལས་གླིང་འདི2015ལོ་ནས་བཟུང་ལས་མགོ་བརྩམས་པ་དང་། 2019ལོ་ནས་བཟུང་། བཀོལ་སྤྱོད་བྱེད་མགོ་བརྩམས་ཡོད། ཐོན་ལས་གླིང་འདིའི་ནང་དུ་ཁེ་ལས་ཉི་ཤུ་ལྷག་ཡོད་པ་དང་། ཐོན་ལས་གླིང་འཛུགས་པའི་དམིགས་ཡུལ་ལམ་ཕན་ནུས་ཅི་རེད་ཟེར་ན། མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་རྒྱུ་དེ་གཙོ་བོ་རེད། ལོ་རེ་རེར་འདིའི་ནང་ན་ལས་ཞུགས་བྱེད་བཞིན་པའི་མང་ཚོགས་མི་བཞི་བརྒྱ་ལྷག་ཡོད་པ་དང་། གྲོང་གསེབ་དར་སྤེལ་གྱི་སྐབས་དང་། ཡང་ན་སྔོན་ཆད་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་སྐབས་སུ་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་བའི་ཐད་ནུས་པ་ཆེན་པོ་ཐོན་ཡོད།
ཐོན་ལས་གླིང་འདིར་བོད་ལུགས་ཁྱིམ་ཆས་ཇུས་འགོད་དང་ཐོན་སྐྱེད། འགྲེམ་ཚོང་བཅས་གཞི་གཅིག་ཏུ་གྲུབ་པའི་མཚོ་སྔོན་རྡོ་རྗེ་གསར་སྐྲུན་རིག་གནས་བཟོ་ལས་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་ཟི་ཡང་ཡོད་པ་རེད། ཀུང་སིའི་སྤྱིའི་འགན་འཛིན་པ་ཚེ་དབང་རྡོ་རྗེ་ཡིས་བོད་ཀྱི་ཁྱིམ་ཆས་སྐོར་ནས་བཤད་རྒྱུར།
ང་ཚོ་ཁྱིམ་ཆས་འདི་ཕྱི་རྒྱལ་དང་། རྒྱལ་ནང་། བོད་ནང་གི་ས་ཆ་ག་ས་གང་ལ་འགྲོ་བཞིནཡོད། ང་ཚོ་བོད་རིགས་ཀྱི་ཁྱིམ་ཆས་འདི་ཁྱིམ་ཆས་གཞན་དང་མི་འདྲ་བ་ཡོད་པ་དེ་རིག་གནས་མང་པོ་ཡོད་པའི་རྐྱེན་རེད། དེ་བས། ཕྱི་རྒྱལ་དང་རྒྱལ་ནང་གི་མིས་དགའ་བོ་བྱེད་པ་དེ་རིག་གནས་མི་འདྲ་བ་ཡོད་པའི་རྐྱེན་རེད། ང་ཚོས་ཅ་ལག་འདི་ག་ས་གང་དུ་འགྲོ་ཐུབ་པ་བྱུང་ཡོད་པ་རེད། དེས་ན་ང་ཚོ་ས་གནས་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བ་དང་མ་འོངས་པའང་རྒྱ་ཆེ་རུ་གཏོང་བའི་བསམ་བློ་རྒྱ་ཆེན་པོ་ཡོད།
རྡོ་རྗེ་ཁྱིམ་ཆས་ལ་རྒྱལ་ཡོངས་ཀྱི་རིམ་པ་གཉིས་པའི་ཤིང་བརྐོས་བཟོ་སྐྲུན་ཇུས་འགོད་དང་ཞིབ་འཇུག་གསར་སྤེལ་ལྟེ་གནས་ཀྱི་མཚན་སྙན་ཐོབ་ཡོད་ཅིང་། སྲོལ་རྒྱུན་གྱི་ཏུང་ཡཱང་ཤིང་བརྐོས་ཀྱི་ངོས་མཉམ་འབུར་བརྐོས་གཙོར་བཟུང་སྟེ་འབུར་བརྐོས་སྲབ་མོ་དང་འབུར་བརྐོས་གཏིང་ཟབ་ཅན་སོགས་ཀྱི་རིགས་དབྱེ་བའི་མི་རིགས་ཀྱི་ཁྱད་ཆོས་འབུར་ཐོན་ཡིན་པའི་ཁྱིམ་ཆས་མང་པོ་ད་ལྟ་ཕྱིའི་རྒྱལ་ཁབ་རེ་འགའ་དང་རྒྱལ་ནང་གི་ས་ཁུལ་ཁ་ཤས་སུ་འགྲེམས་ཚོང་བྱེད་ཀྱིན་ཡོད་པ་དང་། ལས་བཟོ་བ་དག་ལ་ལག་རྩལ་དང་ཡོང་འབབ་ཀྱི་ཐད་ནས་ཕན་ཁེ་ངེས་ཅན་བསྐྲུན་འདུག ལས་བཟོ་བ་ལྷ་ལོས་མ་འོངས་པའི་འཚོ་བར་རེ་བས་ཁེངས་ཏེ་བཤད་རྒྱུར།
ང་རྡོ་རྗེ་ཁྱིམ་ཆས་ནང་དུ་ལས་ཀ་ཡོང་ནས་ལོ་བདུན་ནས་བརྒྱད་འགོར་ཡོད་པ་དང་། ཐེངས་དང་པོར་ང་རང་འདིར་ལས་ཀ་ཡོང་དུས། ངས་ཤིང་གི་ཕྱོགས་ནས་ཅི་ཡང་ལས་མི་ཤེས་པ་དང་། ད་ལྟ་ཡིན་ན་ལག་གིས་ལས་ཤེས་པ་དང་། དངོས་པོ་སྒྲིག་པའི་ཕྱོགས་ནས་རང་གིས་ཡང་སྒྲིག་ཤེས་པ་རེད། ལས་བཟོ་པའང་གང་མང་ཞིག་ཡོད་པ་དང་། ངས་འགན་འཁུར་ཏེ་ཁོ་ཚོར་ཁྱིམ་ཆས་ལས་ཕྱོགས་བསླབ་ཏེ་འབད་པ་བྱས་པའི་རྐྱེན་གྱིས་ལས་ཤེས་བཞིན་ཡོད་པ་རེད། རང་གིས་ཀྱང་མུ་མཐུད་དུ་འདི་ལས་པ་དང་སྦྱངས་ནས་ཁོ་ཚོའི་དགེ་རྒན་བྱེད་ཐུབ་རྒྱུ་དེ་དམིགས་ཡུལ་ཡིན།
ཐོན་ལས་གླིང་འདིར་ཡོད་པའི་མཚོ་སྔོན་ཙོང་ཁ་བཀའ་བསྟན་གསེར་བྲིས་རིག་གནས་ཐོན་ལས་ཚད་ཡོད་སྤྱི་གཉེར་ཁང་གིས་ཁུལ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་དར་སྤེལ་བྱས་ཏེ་ས་གནས་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཕྱོགས་སུ་བྱ་བ་མང་པོ་སྒྲུབ་ཀྱིན་འདུག སྤྱི་གཉེར་བ་ཕུན་ཚོགས་ཀྱིས་བཤད་རྒྱུར།
ང་ཚོ་སྤྱི་གཉེར་ཁང་འདི་ཡིན་ན་ཁུལ་རིམ་པའི་ཤུལ་བཞག་རིག་གནས་སྣ་ཁ་བཞིའི་སྟེང་ནས་གཅིག་བསྡུས་ཀྱིས་ལས་ཀ་ལས་བཞིན་ཡོད་པ་དང་། བོད་ཤོག་ལས་སྣོན་དང་། གསེར་དངུལ་འདུལ་སྦྱོང་། སྨྱུ་གུ་ལས་པ། གསེར་བྲིས་འབྲི་བ་སོགས་ཀྱི་སྟེང་ནས་མི་བརྒྱད་ཅུ་ནས་བརྒྱ་ལྷག་གི་ལས་ཀ་བཀོད་སྒྲིག་བྱེད་བཞིན་ཡོད། དེའི་ནང་ས་གནས་ཀྱི་དཀའ་ཁག་ཅན་གྱི་ཁྱིམ་ཚང་གང་མང་ཞིག་གི་ཁྱིམ་ཚང་གཅིག་གི་མི་གཉིས་ནས་གསུམ་ལས་ཚོགས་སུ་ཞུགས་སུ་བཅུག་ནས་ཤོག་བུ་ལས་པ་དང་། གསེར་བརྡོར་བ་འདིའི་སྟེང་ནས་ཟླ་རེར་སྒོར་སྟོང་གསུམ་ནས་སྟོང་བཞིའི་ཡོང་སྒོ་ལེན་བཞིན་ཡོད་པ་རེད། སྔོན་ཆད་ང་ཚོས་ལས་ནོ་ཡིན་ན་ལམ་སྔགས་གསེར་བྲིས་འཛམ་གླིང་རྒྱན་གཅིག་ཡིན་པ་དང་། འཛམ་གླིང་སྟེང་ཆེས་ཆེ་བའི་གསེར་བྲིས་གླེགས་བམ་གྱི་མཚན་སྙན་སྐྲུན་ནས་དེའི་དཔང་ཡིག་བླངས་ཡོད་པ་དང་། དེའི་འཕྲོར་རྒྱལ་བའི་བཀའ་འགྱུར་བྲིས་ཏེ། 2021ལོར་འགྲུབ་པ་དང་། ད་སྔ་ང་ཚོས་རྒྱལ་བའི་བཀའ་འགྱུར་ཞིག་གསར་ཏུ་འགོ་བཟུང་ནས་ཁ་སང་དེ་རིང་འབྲི་བཞིན་པའི་སྒང་ཡིན།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་རིག་གནས་ཐོན་ལས་ཀྱིས་ལས་གཞི་གལ་ཆེན་གྱི་སྣེ་ཁྲིད་འཐབ་ཇུས་ལག་བསྟར་བྱེད་དགོས་ཞེས་བསྟན་པ་བཞིན་གཅན་ཚ་རྫོང་གིས་ལོ་འདི་འགར་གྲོང་གསེབ་དར་སྤེལ་ཐོན་ལས་གླིང་སོགས་བཙུགས་ནས་སྒོ་ཕྱི་ན་ཡོད་པའི་ས་གནས་ཀྱི་ཁེ་ལས་པ་དག་ཕྱིར་འགུག་བྱས་ཏེ་ལས་གཞི་གལ་ཆེན་གྱིས་ས་གནས་ཀྱི་རིག་གནས་དང་ཐོན་ལས་གོང་འཕེལ་གྱི་ཐད་ལ་ཧུར་ཐག་བྱེད་ཀྱིན་འདུག དེའི་གནས་ཚུལ་ཐད་ནས་གཅན་ཚ་རྫོང་གི་རྫོང་དཔོན་གཞོན་པ་རྡོ་བྷ་རྒྱལ་གྱིས་བཤད་རྒྱུར།
གྲོང་གསེབ་དར་སྤེལ་ཐོན་ལས་གླིང་ལྟ་བུར་མཚོན་རྒྱུ་ན། མ་དངུལ་གྱི་སྟེང་ནས་སྒོར་མོ་དུང་ཕྱུར་གསུམ་དང་སྟོང་ལྔ་ལྷག་བཏང་སྟེ། ད་སྔ་ཚད་ལྡན་ཅན་གྱི་འཁོར་ཁང་བཅོ་ལྔ་ལྷག་ལས་ཡོད་པ་དང་། གཙོ་བོ་བོད་ལུགས་ཀྱི་ཁྱིམ་ཆས་དང་། བཀའ་བསྟན་གསེར་བྲིས། བོད་སྤོས། ཞིང་ཕྱུགས་ཐོན་རྫས་སོགས་ལས་སྣོན་བྱེད་པའི་ཁེ་ལས་ཆུང་འབྲིང་ཉི་ཤུ་ལྷག་ཡོད་པ་དང་། ན་ནིང་གི་ཐོན་འབབ་ཡིན་ན་སྒོར་མོ་ཁྲི་སྟོང་གཉིས་དང་བརྒྱ་ལྷག་ལ་སླེབས་པ་དང་། ད་བར་ལག་རྩལ་མི་སྣ་དགུ་བཅུ་ལྷག་ཡོད་པ་དང་། རོང་འབྲོག་མང་ཚོགས་ཉིས་བརྒྱ་དང་བདུན་ཅུ་ལྷག་ཐོན་ལས་གླིང་འདི་ན་ལས་ཞུགས་བྱས་ནས་བྱ་བ་ལས་བཞིན་འདུག མི་རེའི་ཟླ་ཕོགས་སྒོར་མོ་སྟོང་གཉིས་ནས་སྟོང་དྲུག་གི་བར་རེད། འདིས་གཅན་ཚ་རྫོང་གི་དབུལ་སྐྱོར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད།
རིག་གནས་ཐོན་ལས་ནི་ས་ཁུལ་ཞིག་གི་རིག་གནས་འཕེལ་རྒྱས་དང་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་གསར་བ་ཞིག་ཡིན་པས། གཅན་ཚ་རྫོང་གྲོང་གསེབ་དར་སྤེལ་ཐོན་ལས་གླིང་གིས་གཅན་ཚ་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་ནུས་པ་མི་དམན་པ་ཐོན་གྱིན་འདུག
གསར་འགོད་པ། ཕྱུག་ལོ། བཀྲ་ཤིས་དོན་གྲུབ། ཚེ་རིང་སྒྲོལ་མ། མི་ཕམ་མགོན་པོ།
རྩོམ་སྒྲིག་འགན་འཁུར་བ། ཕྱུག་ལོ།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།