ཟླ་བདུན་པའི་ཚེས་ཉེར་བདུན་ཉིན། ང་ཚོ་གངས་ལྗོངས་ཀྱི་རྒྱང་སྐྱོད་གསར་བ་ཞེས་པའི་བཅར་འདྲིའི་ཚན་ཆུང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གི་ཨ་རིག་ཡུལ་ཚོའི་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་ཆུ་འཁོར་ལྟ་ཞིབ་ས་ཚིགས་སུ་འབྱོར། རྒྱུས་ལོན་བྱུང་བ་ལྟར་ན། ས་ཚིགས་འདིར་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས། སྐྱེ་དངོས་རྩི་ཤིང་གི་མཛེས་ཉམས་སྲུང་བའི་དམིགས་བསལ་གྱི་རུ་དཔུང་ཞིག་ཡོད་ལ། དེ་ནི་ཆུ་འཁོར་ལྟ་སྲུང་ས་ཚིགས་ཀྱི་བུད་མེད་དོ་སྲུང་བའི་རུ་དཔུང་རེད།
ལྟ་སྲུང་ས་ཚིགས་འདི་ཉིས་སྟོང་བཅུ་དྲུག་ལོར་བཙུགས་པ་དང་། ཁོངས་གཏོགས་ས་ཁུལ་དུ་ཚད་ལེན་ས་ཚིགས་ཉི་ཤུ་ལྷག་ཡོད་ཅིང་། ད་ལྟ་དོ་སྲུང་བ་བརྒྱ་ལྷག་ཡོད། དོ་སྲུང་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིངས་ཆིག་ཁྲི་ལྔ་སྟོང་བརྒྱད་བརྒྱ་ལྷག་ཡོད་ལ། གཙོ་བོར་འཁྱགས་ཀླུང་དང་མཐོ་སྒང་གི་བརླན་སའི་སྐྱེ་ཁམས་མ་ལག གསོམ་སྡོང་དང་ཤུག་པ་སོགས་སྣ་མང་བའི་སྐྱེ་དངོས་ཀྱི་རིགས་དང་། རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་གྱི་སྲུང་སྐྱོབ་ཐོབ་པའི་གསའ་དང་ཤྭ་སྐྱ། གཉན། དབྱར་རྩྭ་དགུན་འབུ། གངས་ལྷ་མེ་ཏོག་སོགས་གཅེས་སུ་འོས་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སོགས་ནི་ཁོ་མོ་ཚོས་རང་གི་ལང་ཚོ་དང་དཔའ་ངར་གྱིས་སྲུང་བའི་མཛེས་སྡུག་ངོ་མ་དེ་རེད། ཁོ་མོ་ཚོའི་དུས་རྒྱུན་གྱི་བྱ་བ་དང་འབྲེལ་ནས་ཆུ་འཁོར་ལྟ་སྲུང་ས་ཚིགས་ཀྱི་འགོ་གཙོ་གཡང་མོ་འཚོས་བཤད་རྒྱུར།
ངས་འདིནས་ནགས་སྲུང་ནས་ལོ་བཅོ་ལྔ་འགོར་སོང་། དང་ཐོག་འདི་ན་མི་གཅིག་མ་གཏོགས་མེད་པ་དང་། དེ་ནས་རྒྱལ་ཁབ་ཀྱིས་ནགས་ལས་སྲུང་སྐྱོབ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་སྟེང་ལ་རྒྱབ་སྐྱོར་མང་པོ་བྱས་པས། མི་ཇེ་མང་དུ་བཏང་བ་དང་། དང་ཐོག་མི་ཉུང་བ་དང་། མང་ཆེ་ཤས་བུད་མེད་རྣམས་རེད། སྐབས་དེར་མི་བཞི་ལྔ་ཞིག་ཡོད་པ་དང་། ཁྱིམ་ཚང་རེ་རེར་སོང་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བཟང་ཆ་དང་། ཁོར་ཡུག་སྲུང་སྐྱོབ་བྱས་ན་རྗེས་ཕྱོགས་ཅི་ཞིག་ལ་ཕན་པ། རི་དྭགས་ལ་སྲུང་སྐྱོབ་བྱེད་པ། རི་ཆུ་ནགས་གསུམ་ཚང་མར་སྲུང་སྐྱོབ་བྱེད་དགོས་པ་ཁྱབ་བསྒྲགས་བྱས་པ་དང་། རྒྱབ་ཁབ་ཀྱིས་མུ་མཐུད་དུ་ཁོར་ཡུག་སྲུང་སྐྱོབ་དང་ནགས་ལས་ཕྱོགས་ལ་རྒྱབ་སྐྱོར་བྱས་པས། ད་ལྟ་ང་ཚོར་བསྡོམས་པས་མི་བརྒྱ་དང་ཉི་ཤུ་རྩ་བཞི་ཡོད་པ་དང་། དེའི་ནང་དུ་ནགས་སྲུང་དང་། རྩྭ་སྲུང་འདི་ཚང་མ་སྡེ་བའི་ནང་ནས་ཁྱིམ་ཚང་རེ་རེའི་ནང་ཕལ་ཆེར་ནགས་སྲུང་མི་གཅིག་རེ་བཞག་ཏེ། རང་རང་གི་ས་ཐོག་ལ་སྲུང་སྐྱོབ་བྱེད་དུ་བཅུག་ཡོད། ཚང་མས་ཀྱང་སྲུང་སྐྱོབ་བྱེད་དགོས་པའི་བཟང་ཆ་རྟོགས་ཡོད་ཀི དེ་བས། ད་བར་གྱི་ཁོར་ཡུག་ལ་བལྟས་ན། ལོ་བཅུ་ཁ་བཅོ་ལྔའི་སྔོན་གྱི་ཁོར་ཡུག་དང་བསྡུར་ན་ཇེ་བཟང་ལ་སོང་ཡོད་པ་དེ་འདྲ་ཞིག་རེད།
མདོ་ལ་རི་བོ་ནི་རང་རྒྱལ་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་གལ་ཆེན་དང་བགྲང་གིས་མི་ལངས་པའི་རི་སྐྱེས་སྲོག་ཆགས་ཀྱི་བསྟི་གནས་ཀྱང་ཡིན། མདོ་ལ་རྫོང་གིས་གནས་འདིའི་རྩྭ་ས་དང་རི་སྐྱེས་སྲོག་ཆགས་ལའང་སྲུང་སྐྱོབ་གང་ལེགས་བྱས་འདུག དེའི་ཐད་ནས་མདོ་ལ་རྫོང་ནགས་ལས་དང་རྩྭ་ས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་སྐལ་བཟང་དོན་འགྲུབ་གྱིས་བཤད་རྒྱུར།
2017ལོ་ནས་བཟུང་། མདོ་ལ་རྫོང་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་བྱ་བ་སྤེལ་མགོ་བརྩམས་པ་ནས་བཟུང་། རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་སུ་ཡོད་པའི་གཏེར་ཁ་སྔོག་འདོན་གྱི་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་མཚམས་བཞག་པ་མ་ཟད། རྩྭ་ས་སླར་གསོ་བཅོས་སྐྱོང་དང་། སྡོང་འཛུགས་ནགས་སྐྲུན། ད་དུང་རྩྭ་ས་འགའ་ཤས་སླར་གསོ་བྱེད་པའི་བྱ་བ་སྤེལ། ནགས་ཚལ་གསོ་སྐྱོང་། རྩྭ་ཐང་ཞིབ་དཔྱད་ཚད་ལེན། ནགས་ཚལ་ཐོན་ཁུངས་ལ་ཞིབ་དཔྱད་ཚད་ལེན། བརླན་སའི་ཐོན་ཁུངས་ལ་དཔྱད་ཞིབ་ཚད་ལེན་བྱེད་པའི་བྱ་བ་སོགས་བསྒྲུབས་པ་དང་། བྱ་བ་དེ་དག་ལས་གཞན། ང་ཚོས་ད་དུང་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་སྲུང་སྐྱོབ་བྱས། རྩྭ་ས་སླར་གསོ་དང་། ནགས་ཚལ་གསོ་སྐྱོང་། ཕྱུགས་བཀག་རྩ་གསོ། རྩྭ་ཕྱུགས་དོ་མཉམ་སོགས་ཀྱི་བྱ་བ་བསྒྲུབས་པ་བརྒྱུད་དེ། ང་ཚོའི་ནགས་ཚལ་དང་རྩྭ་སའི་ཁེབས་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་བ་དང། ས་འདིའི་མང་ཚོགས་ཀྱི་བདེ་སྣང་དང་། ཐོབ་སྣང་ཡང་ཇེ་ཆེར་སོང་ཞིང་། དེ་དང་ཆབས་ཅིག ས་འདིའི་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་ཡང་རིམ་བཞིན་ཇེ་མང་དུ་སོང་།
མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྩྭ་སའི་རྒྱ་ཁྱོན་མངོན་གསལ་གྱིས་ཆེ་རུ་ཕྱིན་ནས་ནགས་ཚལ་གྱི་རྫོང་ཇེ་འཐུག་ཏུ་འགྲོ་བཞིན་ཡོད་ཅིང་། སྔོ་ཁེབས་ཀྱི་ཚད་སོགས་མཐོར་འདེགས་འགྲོ་བའི་རྣམ་པ་མངོན་ཡོད་ལ། ཆུ་འཁོར་ས་ཚིགས་ཀྱི་བུད་མེད་དོ་སྲུང་བ་རྣམས་ཀྱི་དུས་རྒྱུན་གྱི་འབད་འབུངས་ལ་བརྟེན་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་ཇེ་བཟང་ཇེ་ལེགས་དང་རང་བྱུང་ཁོར་ཡུག་ཉམས་དགའ་བ་ཞིག་ཏུ་གྱུར་འདུག དེའི་སྐོར་ནས་ཆུ་འཁོར་སྡེ་བའི་སྡེ་མི་དབང་ཕྱུག་གིས་བཤད་རྒྱུར།
ང་རྩྭ་ས་འདིའི་རྩྭ་བདག་ཡིན། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་བྱས་ནས་ད་ལྟའི་བར་དུ། ཆུ་འཁོར་ལྟ་སྲུང་ས་ཚིགས་ཀྱི་ལས་བྱེད་མི་སྣ་ཚོས་འབད་བརྩོན་བྱས་ནས་སྐོར་སྲུང་བྱེད་བཞིན་ཡོད། སྤྱིར་ང་ཚོ་ས་ཆ་འདིར་རྩེད་རུ་ཡོང་མཁན་མང་པོ་ཡོད་པ་དང་། གད་སྙིགས་གཡུགས་མཁན་མང་པོ་ཡོད་པ་རེད། ལྟ་སྲུང་ས་ཚིགས་ཀྱི་ མི་སྣ་འདི་ཚོས་བདག་སྐྱོང་བྱས་པ་བཟང་པས། དེང་སང་གད་སྙིགས་ཇེ་ཉུང་དུ་སོང་ཡོད་པ་དང་། ནགས་སྐྱེས་ཚད་ཀྱང་ཤིན་ཏུ་བཟང་བ་དེ་འདྲ་ཞིག་རེད།
མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ཀྱི་སྐྱེ་ཁམས་མ་ལག་གི་སྤུས་ཚད་ཀྱང་མཐོར་འདེགས་བྱུང་ནས་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་དང་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་ལ་སྔར་ལས་ལྷག་པའི་སྲུང་སྐྱོང་ཐོབ་པས་གཙོ་གནད་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་དང་འགུལ་སྐྱོད་ཁྱབ་ཁོངས་མུ་མཐུད་རྒྱ་ཇེ་ཆེར་སོང་བ་དང་། རྒྱལ་ཁབ་སྤྱི་གླིང་གི་འདུ་ཤེས་ལ་དམངས་ཀྱི་ཁས་ལེན་ཐོབ་ནས་ས་གནས་མང་ཚོགས་ཀྱི་སྐྱིད་སྣང་དང་དགའ་སྣང་ཡང་ཉིན་བཞིན་ཇེ་ཆེར་འགྲོ་བཞིན་འདུག
གསར་འགོད་པ། ཕྱུག་ལོ། བཀྲ་ཤིས་དོན་གྲུབ། ཚེ་རིང་སྒྲོལ་མ། མི་ཕམ་མགོན་པོ།
རྩོམ་སྒྲིག་འགན་འཁུར་བ། ཕྱུག་ལོ།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།