དབྱར་ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན། གངས་ལྗོངས་ཀྱི་རྒྱང་སྐྱོད་གསར་པ་ཞེས་པའི་བཅར་འདྲི་ཚན་ཆུང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་གསེར་དངུལ་ཐང་དུ་ཡོད་པའི་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་ཐོན། གནས་འདི་ནས་ཀྲུང་གོའི་མ་རྡུལ་འབར་མདེལ་ཐོག་མ་དང་ཆིན་འབར་མདེལ་ཐོག་མ་ཞིབ་འཇུག་གསར་བཟོ་བྱས་པ་དེ་ལ་ཀྲུང་གོ་གསར་བའི་འཕེལ་རྒྱས་ལོ་རྒྱུས་སྟེང་། དུས་རབས་ཀྱི་དབྱེ་མཚམས་འབྱེད་པའི་འཐབ་ཇུས་ཀྱི་གོ་གནས་དང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ལ། གནས་འདི་ནས་རྗེས་རབས་པ་རྣམས་ལ་རླབས་ཆེན་གྱི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་བསྐྱུར་ཡོད།
ང་ཚོ་གསར་འགོད་པ་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་གི་ཐང་ཆེན་དུ་སླེབས་པ་ན། དེ་རུ་ཡུལ་སྐོར་བ་མང་པོས་དྲན་གསོའི་པར་བསྐྱོན་བཞིན་པ་མཐོང་བྱུང་། དྲན་གསོ་ཁང་དུ་འགྲེལ་བཤད་པ་ནམ་མཁའ་རྒྱལ་གྱིས་ང་ཚོར“མདེལ་གཉིས་སྐར་གཅིག”ཞིབ་འཇུག་གསར་བཟོའི་ཐད་བྱས་རྗེས་ཆེན་པོ་བཞག་པའི་གཅེས་སུ་འོས་པའི་མི་རྣམས་ཀྱིས་དཀའ་སྡུག་གི་ཁོར་ཡུག་ཁྲོད་རླབས་ཆེན་གྱི་བྱ་བ་བསྒྲུབས་ཏེ། རྒྱལ་ཁབ་བདེ་སྐྱོང་གི་ཐད་རང་གི་ལང་ཚོ་དང་ཤེས་རབ། ཐ་ན་ཚེ་སྲོག་ཀྱང་བསྟིམས་པའི་ལོ་རྒྱུས་འགྲེལ་བཤད་བྱས་པ་དང་། “ མེས་རྒྱལ་ལ་དགའ་ཞེན་དང་། བདག་མེད་བློས་བཏང་། རང་སྟོབས་རང་སྤེལ། དཀའ་སྤྱད་འབད་བརྩོན། ཤུགས་ཆེན་མཉམ་སྒྲུབ། རྟུལ་ཕོད་རྩེར་སྙེག”གི“མདེལ་གཉིས་སྐར་གཅིག”སྙིང་སྟོབས་ཀྱིས་ང་ཚོར་སྙིང་སྟོབས་ཆེན་པོ་བསྩལ་བྱུང་།
ཉེ་བའི་ལོ་འདི་འགར། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་གིས་རྡུལ་ཕྲན་མཁར་གྱི་དམར་པོའི་རིག་གནས་ཁྲོད་ཀྱི་ཆེས་གསོན་ཤུགས་ལྡན་པ་དང་། ཆེས་ཐུན་མོང་མ་ཡིན་པ། ཆེས་ཕུན་སུམ་ཚོགས་པའི་ཐོན་ཁུངས་སྔོག་འདོན་ཟབ་མོ་བྱས་ཏེ། དངོས་རྫས་དང་ལོ་རྒྱུས་ཀྱི་ཡིག་ཚགས་མང་པོ་འཚོལ་སྡུད་བྱས་ཡོད་ལ། རྗེས་དྲན་ཁང་གི་མཚན་སྙན་གྱིས་བཀུག་ནས་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་ཡོང་བའི་རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་མང་ཚོགས་ཡང་མང་པོ་ཞིག་འདུག མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་གི་འགོ་གཙོ་གཞོན་པ་ཏུའུ་ཝུན་ལིན་གྱིས་བཤད་རྒྱུར། 2009ལོའི་ཟླ5པ་ནས་ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཐོག་མ་ཞིབ་འཇུག་གསར་བཟོ་རྟེན་གཞིའི་གནས་རྙིང་པ་རྒྱས་སྐྲུན་བྱས་པ་དང་། དེ་ནི་རྒྱལ་ཡོངས་སུ་ཕྱོགས་ཡོངས་དང་། མ་ལག་ལྡན་པའི་སྒོ་ནས་ཕྱི་ཕྱོགས་སུ་སྒོ་ཕྱེས་པའི་ཀྲུང་གོའི་ཉིང་རྡུལ་བཟོ་ལས་གསར་སྐྲུན་དང་འཕེལ་རྒྱས་ཀྱི་ལོ་རྒྱུས་མཚམས་སྦྱོར་བྱས་པ་ཐེངས་དང་པོ་ཡིན་ཞིང་། དེ་ནི་རྡུལ་ཕྲན་མཁར་གྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་གྲུབ་འབྲས་སྟོན་པའི་ཆེད་སྒྲིག་རང་བཞིན་གྱི་དྲན་གསོ་ཁང་ཞིག་ཡིན་ལ། མིག་སྔའི་བར། དྲན་གསོ་ཁང་གིས་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོའི་ཡུལ་སྐོར་བ་ས་ཡ་གསུམ་དང་འབུམ་བརྒྱད་ཁྲི་ལྔ་སྣེ་ལེན་བྱས་ཤིང་། ལོ་རེར་ཆ་སྙོམས་ཀྱིས་མི་འབུམ་གསུམ་ཡས་མས་སྣེ་ལེན་བྱེད་བཞིན་ཡོད།
ཀྲུང་གོའི་རྡུལ་ཕྲན་མཁར་འདི་ད་ལྟ་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དཔེ་སྟོན་རྟེན་གཞི་དང་། རྒྱལ་ཡོངས་ཀྱི་ན་གཞོན་ལོ་ཆུང་གི་སློབ་གསོ་རྟེན་གཞི། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་རྟེན་གཞི་སོགས་ཡིན་པ་རེད། མཚོ་བྱང་ཁུལ་དུ་ཡོད་པའི་མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་པའི་སློབ་གླིང་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་དོ་དམ་བྱེད་པའི་ལས་དོན་ལས་ཁུངས་ཤིག་ཡིན་ཞིང་། དེ་ལ“མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཡན་ལག་སློབ་གྲྭའི”སྒོ་བྱང་བཀལ་ཡོད་ཅིང་། དེ་ནི་མཚོ་སྔོན་ཞིང་ཆེན་དུ་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་རང་སྐྱོང་ལྗོངས་དང་། ཐད་གཏོགས་གྲོང་ཁྱེར་གྱི་ཏང་གཤིས་སློབ་གསོ་ལས་བྱེད་པའི་སློབ་གླིང་དཀར་ཆག་ཁྲོད་བཞག་པའི་ཏང་གཤིས་སློབ་གསོའི་གསོ་སྦྱོང་ལས་ཁུངས་གཅིག་པུ་རེད། སློབ་གླིང་བཙུགས་པ་ནས་བཟུང་། དུས་དང་རྣམ་པ་ཀུན་ཏུ“རུས་ཏང་ཡིན་པའི”རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་དོན་འཁྱོལ་བྱེད་རྒྱུ་རྩ་བར་བཟུང་ནས་ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཞིབ་འཇུག་གསར་བཟོ་རྟེན་གཞི་དང་པོའི་གསར་བརྗེའི་རིག་གནས་ཀྱི་ནང་དོན་སྔོག་འདོན་ཟབ་མོ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་། ཏང་གི་ལོ་རྒྱུས་དང་ཏང་འཛུགས། ཕུགས་བསམ་དང་དད་སེམས། རྒྱལ་སྲུང་བདེ་འཇགས། སྐྱེ་ཁམས་དཔལ་ཡོན། མི་རིགས་མཐུན་སྒྲིལ་ཡར་ཐོན་བཅས་ཀྱི་སློབ་ཁྲིད་སྣ་མང་བྱེད་བཞིན་ཡོད།
མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་པའི་སློབ་གླིང་གི་ཏང་ཨུའི་ཨུ་ཡོན། ཡོན་ཀྲང་གཞོན་པ་ཧྥུའུ་ཁོས་ཡིས་བཤད་རྒྱུར། སློབ་གླིང་འདིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མུ་མཐུད་སློབ་སྦྱོང་དང་དོན་འཁྱོལ་ཟབ་མོ་བྱས་ནས“ཏང་གི་ཆེད་དུ་འཇོན་མི་གསོ་སྐྱོང་དང་། ཏང་གི་ཆེད་དུ་ཐབས་ཇུས་འདོན་པའི”ཐོག་མའི་སེམས་འདུན་བརྟན་པོ་བཙུགས་ཏེ། ལས་བྱེད་པའི་འཇོན་མིའི་སློབ་གསོ་གསོ་སྦྱོང་གི་འཐབ་ར་གཙོ་བོའི་ནུས་པ་འདོན་སྤེལ་བྱེད་རྒྱུ་ཡིན་པ་དང་། འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྐྱོད་ལམ་གསར་བའི་སྟེང་སློབ་གླིང་གི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན།
དགེ་རྒན་རྡོ་རྗེ་སྒྲོལ་མ་ནི་ལོ་ན་གཞོན་ཡང་མི་གཟབ་ནན་ཞིག་གི་གཤིས་ཀ་རྒྱུད་ལ་ལྷུན་གྱིས་གྲུབ་འདུག མོས་བཤད་རྒྱུར། མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་པའི་སློབ་གླིང་གི་ཆེད་ལས་དགེ་རྒན་ཞིག་ཡིན་པའི་ཆ་ནས། ངས་རང་སྟེང་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། དེའི་ཁྲོད་ཀྱི་འཚོ་བཅུད་དང་སྟོབས་ཤུགས་བསྡུ་ལེན་བྱས་ནས་མུ་མཐུད་དུ་རང་ཉིད་ཀྱི་ནུས་པ་མཐོར་འདེགས་གཏོང་རྒྱུ་ཡིན་པར་མ་ཟད། སློབ་གླིང་དུ་སློབ་སྦྱོང་བྱེད་པར་ཡོང་བའི་སློབ་མ་ཚོ་དང་མཉམ་དུ་རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དང་“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་བཏང་སྟེ། ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་དང་མི་དམངས་ལ་བློ་དཀར་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་སྐྱོད་ལམ་སྟེང་རང་ཉིད་ཀྱི་སྟོབས་ཤུགས་ཡོད་ཚད་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན།
ང་ཚོས་བཅར་འདྲི་བྱེད་སྐབས་ཏག་ཏག་པེ་ཅིང་གྲོང་ཁྱེར་ཁོངས་གཏོགས་སྨན་ཁང་གི་དོ་དམ་མི་སྣའི་ཏང་གཤིས་སློབ་གསོ་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཞིག་སློབ་གླིང་འདི་ན་འཚོགས་བཞིན་འདུག སློབ་ཐུན་གྲོལ་རྗེས། པེ་ཅིང་ནས་སློབ་སྦྱོང་དུ་ཡོང་བའི་སློབ་མ་ཀྲང་ཅན་གྱིས་བཤད་རྒྱུར།
ང་ནི་པེ་ཅིང་ནས་ཡོང་བའི་སྨན་པའི་བྱ་བ་སྒྲུབ་མཁན་ཞིག་ཡིན། ད་ཐེངས་ང་པེ་ཅིང་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་དང་པེ་ཅིང་གྲོང་ཁྱེར་སྨན་ཁང་དོ་དམ་ལྟེ་གནས་ཏང་ཨུ་ཡིས་མཉམ་དུ་སྒྲུབ་པའི་མཚོ་སྔོན་གྱི་མདེལ་གཉིས་སྐར་གཅིག་ལས་བྱེད་པའི་གསོ་སྦྱོང་སློབ་གླིང་དུ་བསྡུས་པའི་ཏང་གཤིས་སློབ་གསོའི་གསོ་སྦྱོང་འཛིན་གྲྭར་ཞུགས་ཐུབ་པ་བྱུང་བ་དང་། མཚོ་སྔོན་དུ་ཡོང་ནས་ང་ཚོས་གསོ་སྦྱོང་འཛིན་གྲྭའི་གསོན་ཉམས་ལྡན་པ་དང་རྣམ་པ་མང་བའི་སློབ་ཁྲིད་ལ་ཉན་པ་བརྒྱུད། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ལ་གོ་བ་ཟབ་མོ་ལེན་ཐུབ་སོང་། ཚན་རིག་པ་རྒན་རབས་ཚོའི་སྒེར་སེམས་མེད་པའི་སྙིང་སྟོབས་དང་། མེས་རྒྱལ་ལ་བཅངས་པའི་བརྩེ་སེམས་ཆེན་པོ། ཏང་ལ་བློ་དཀར་བ་བཅས་ཀྱིས་ང་ཚོ་ན་གཞོན་ཚན་རིག་པ་དང་། སྨན་བཅོས་བྱ་བ་སྒྲུབ་མཁན་རྣམས་ལ་རླབས་ཆེན་གྱི་མེས་རྒྱལ་འཛུགས་སྐྲུན་ཡག་པོ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ངོ་མ་ཡོང་བར་རང་ཉིད་ཀྱི་ལང་ཚོ་དང་ཚེ་གང་གི་སེམས་ཤུགས་འབུལ་དགོས་པའི་སྐུལ་མ་ཐེབས་སོང་།
སྔོན་རབས་པ་མང་པོས་འབད་བརྩོན་གྱི་རྔུལ་ཆུ་གཏོར་བ་དང་། ཚན་རིག་པ་བགྲང་ལས་འདས་པས་དཀའ་སྤྱད་ཀྱིས་ཞིབ་འཇུག་བྱས་པ་ལས་མེས་རྒྱལ་གྱི་མཚར་སྡུག་བཀྲ་བའི་ད་ལྟའི་འཚོ་བ་གསར་སྐྲུན་བྱས་པ་ཡིན་ལ། ང་ཚོས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་མུ་མཐུད་དུ་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་བའི་སྟེང་། ཡང་དག་པའི་ཁ་ཕྱོགས་དེད་དེ་མདུན་སྐྱོད་བྱེད་དགོས།
གསར་འགོད་པ། ཕྱུག་ལོ། བཀྲ་ཤིས་དོན་གྲུབ། ཚེ་རིང་སྒྲོལ་མ། མི་ཕམ་མགོན་པོ།
རྩོམ་སྒྲིག་འགན་འཁུར་བ། ཕྱུག་ལོ།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།