དཀོན་ལོ་གོང་མ་སྡེ་བའི་འཕོ་འགྱུར།
2023.08.07 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 28

དབྱར་ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན། གངས་ལྗོངས་ཀྱི་རྒྱང་སྐྱོད་གསར་པ་ཞེས་པའི་བཅར་འདྲི་ཚན་ཆུང་རྩྭ་ལྗང་མེ་ཏོག་རྣམ་པར་བཞད་ཅིང་། རྟ་ནོར་ལུག་གསུམ་བག་ཡངས་ཀྱིས་རྒྱུ་བའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གསེར་དངུལ་ཐང་གི་ཡངས་པའི་རྩྭ་ཐང་བརྒྱུད་ཞོར་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བར་བཅར་འདྲིར་སོང་།“ཏང་གི་གསུང་ལ་ཉན་པ། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ། གྲོང་གསེབ་དར་སྤེལ་བྱེད་པ། མི་དམངས་ཕྱུག་འགྱུར་འབྱུང་བ”ཞེས་པའི་སྦྱར་ཡིག་དམར་པོ་ཞིག་སྡེ་བའི་རྒྱལ་སྒོའི་འགྲམ་ནས“མཐུན་སྒྲིལ”ཐང་ཆེན་གྱི་ཁྱམས་རའི་ལྟག་རྒྱབ་བར་དུ་འབུར་བརྐོས་ཀྱི་རྣམ་པས་སྦྱར་འདུག་པ་ཡིས་གྲལ་དག་པའི་སྡེ་བ་འདི་ཡིས་ཕྱོགས་ཡོངས་ཀྱི་མགྲོན་པོ་དག་ལ་ལོ་ངོ་གཉིས་ཡར་སྔོན་གྱི་སྤྱི་ཟླ་དྲུག་པའི་ཚེས་བརྒྱད་ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་སྡེ་བ་འདིར་འབྱོར་དེ“སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་མི་རིགས་གཅིག་ཀྱང་ཆད་མི་རུང་ལ། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞིས་ཆེན་མོའི་ནང་དུ་ཚང་མ་སེ་འབྲུ་བཞིན་དུ་དམ་པོར་སྦྲེལ་ཏེ་སྤུན་ཉེ་འཆམ་མཐུན་དང་ཕན་ཚུན་ལྟ་སྐྱོང་བྱས་ན། ད་གཟོད་མི་རིགས་བསྐྱར་དར་གྱི་ཕུགས་བསམ་རླབས་པོ་ཆེ་མངོན་འགྱུར་བྱེད་ཐུབ་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་གི་འདབ་མ་ལྷུག་པོར་གྲོལ་ཐུབ།”ཞེས་པའི་གསུངས་བཤད་དྲོན་མོ་དེ་ཡིད་ལ་ངང་ངམ་ཤུགས་ཀྱིས་དྲན་དུ་འཇུག

ལོ་ངོ་གཉིས་ལྷག་གི་རིང་ལ་དཀོན་ལོ་གོང་མ་སྡེ་བས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་ནས་སྔ་གཞུག་ཏུ“མཚོ་སྔོན་ཞིང་ཆེན་དབུལ་ཐར་མཁྲེགས་གཏོར་གྱི་སྔོན་ཐོན་སྡེ་བ”དང“རྒྱལ་ཡོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དཔེ་སྟོན་སྡེ་བ”“རྒྱལ་ཡོངས་ཀྱི་མཛེས་སྡུག་སྤྲོ་གསེང་གྲོང་གསེབ་ཀྱི་སྔོན་ཐོན་སྡེ་བ”“རྒྱལ་ཡོངས་ཀྱི་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་སྡེ་བ”བཅས་ཀྱི་གཟེངས་རྟགས་བླངས་ཡོད། ས་གནས་མང་ཚོགས་ལ་བདེ་སྐྱིད་ལྡན་དགོས་ན་འདང་ངེས་ཀྱི་ཡོང་འབབ་འོས་འཚམ་རེ་དགོས་པ་ནི་བཤད་མ་དགོས་པས། དཀོན་ལོ་གོང་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་ཚེ་བརྟན་གྱིས་ལོ་ངོ་གཉིས་ཀྱི་ཡོང་འབབ་བསྡུར་བ་བྱས་ཏེ་གསར་འགོད་པར་བཤད་རྒྱུར།  དཀོན་ལོ་གོང་མ་སྡེ་བར་མཚོན་ན། ཕྱུགས་ལས་རྐྱང་རྐྱང་གཉེར་བའི་འབྲོག་སྡེ་ཞིག་ཡིན་པ་དང་། ཁྱིམ་ཚང་དྲུག་བརྒྱ་དང་སོ་བདུན་ཡོད་པ་དང་། མི་གྲངས་སྟོང་གཉིས་བཞི་བརྒྱ་དྲུག་ཅུ་རེ་བརྒྱད་ཡོད་པའི་ཕྱུགས་ལ་བརྟེན་ནས་འཚོ་བ་རོལ་བའི་སྡེ་བ་ཞིག་ཡིན། 2021ལོའི་ཟླ་དྲུག་པའི་ཚེས་བརྒྱད་ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་དངོས་སུ་སྡེ་བ་འདིའི་ནང་གཟིགས་ཞིབ་ལ་ཕེབས་པ་དང་། དེ་ནས་ད་བར་དུ་ལོ་ངོ་གཉིས་ལྷག་འགོར་ཡོད་པ་དང་། འདིའི་རིང་གི་འགྱུར་ལྡོག་བཤད་ན། རྨང་གཞི་འཛུགས་སྐྲུན་གྱི་ཕྱོགས་ཡིན་ན་ཆོག་གི ཕྱུགས་ལས་ཐོན་སྐྱེད་ཀྱི་ཕྱོགས་ཡིན་ན་ཆོག་གི ཕྱོགས་གང་ཐད་ནས་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། མང་ཚོགས་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྔོན་ཆད་ལས་ལྡབ་གསུམ་ནས་བཞི་ཡིས་འཕར་ཡོད། སྔོན་ཆད་སྡེ་བའི་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་གཅིག་ཙམ་ཡིན་པ་དང་། ན་ནིང་ལོ་མཇུག་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་མོ་ཁྲི་གཉིས་སྟོང་གསུམ་ཉིས་བརྒྱ་ལྷག་ལ་སླེབས་ཡོད་པ་རེད། 

ངོས་སྙོམས་པའི་ཨར་འདམ་གྱི་གཞུང་ལམ་བརྒྱུད་དེ་སྡེ་བའི་ནང་དུ་སོང་ན། ཁང་ཁྱིམ་ཕྱི་ཡི་སྣུམ་ཚོན་རི་མོ་རེ་རེ་དང་ཤིང་སྒོ་ཅན་གྱི་བོད་ལུགས་སྡོད་ཁང་རེ་རེ་སྟར་ཕྲེང་དུ་བསྒྲིགས་ཡོད་ཅིང་། སྔོ་བསངས་ཀྱི་ནམ་མཁའ་དང་སྤྲིན་དཀར་གྱི་འདབ་མའི་འོག་ཏུ། ཁྱིམ་ཚང་རེ་རེའི་སྒོ་མདུན་ན་ལྷབ་ལྷུབ་ཏུ་སྐྱོད་བཞིན་པའི་སྐར་ལྔའི་དར་དམར་ལ་བཀྲག་མདངས་འཚེར་བཞིན་འདུག

སྡེ་མི་བསོད་ནམས་ཚེ་རིང་ཚང་ནི་སྤྱི་ཁྱབ་ཧྲུའུ་ཅི་སྐུ་དངོས་སུ་ཕེབས་པའི་ཁྱིམ་ཚང་དེ་ཡིན། སྡེ་བའི་སྲང་ལམ་ནས་གསར་འགོད་པ་མང་པོ་ཁོ་ཚང་གི་ཕྱོགས་སུ་ཡོང་བ་མཐོང་བ་ན། བོད་ལྭ་གྲལ་དག་གྱོན་པའི་ཁོས་གདོང་ལ་འཛུམ་གྱིས་ཁེངས་ནས་ང་ཚོ་ཁོ་ཚང་ལ་ཁྲིད། ཁྱམས་རར་ངལ་གསོ་སྟེགས་བུ་དང་ཁང་བའི་བར་ཁྱམས་ན“སྤྱི་ཁྱབ་ཧྲུའུ་ཅི་སྐུ་དངོས་སུ་ཕེབས་པའི་གཞིས་ཁྱིམ”ཞེས་པའི་ཡིག་འབྲུ་སེར་པོའི་རྒྱ་བོད་ཡིག་རིགས་གཉིས་ཀྱི་ཤིང་གི་འཕྲེད་བྱང་། སྤྱི་ཁྱབ་ཧྲུའུ་ཅི་ཁོ་ཚང་ལ་ཕེབས་སྐབས་ཀྱི་མཉམ་པར་སོགས་མཐོང་རྗེས་གསར་འགོད་པ་དག་གིས་བཅར་འདྲིའི་ཡོ་བྱད་དག་བླངས་ཏེ་སྐབས་ཐོག་དེའི་སེམས་ཁམས་དང་ལོ་ངོ་གཉིས་ཀྱི་འགྱུར་ལྡོག་གི་སྐོར་ནས་དྲི་བ་བཏོན་པ་ན་ཁོས་བཤད་རྒྱུར།

 2021ལོའི་ཟླ6པའི་ཚེས8ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་སྐུ་དངོས་སུ་ངེད་ཚང་ལ་ཕེབས་ནས་འབོལ་ཁྲི་འདིའི་སྟེང་བཞུགས་ནས་གསུང་བཤད་གནང་བ་དང་། ཁོང་ཚང་གིས་གསུང་བཤད་ཇི་ལྟར་གནང་གི་ཟེར་ན། སྔོན་ཆད་ཀྱི་འཚོ་བ་དང་། ད་བར་གྱི་འཚོ་བའི་སྐོར་ནས་གསུང་བཤད་གནང་སྟེ། མང་ཚོགས་ལ་ཐུགས་བརྩེ་བའི་ངང་ནས་གསུང་བཤད་གནང་བ་དང་། དེའི་སྟེང་ནས་ང་རང་གིས་བལྟས་ནའང་སྤྱི་ཁྱབ་ཧྲུའུ་ཅི་ཡིས་མི་དམངས་མང་ཚོགས་ལ་སེམས་གཏིང་ནས་ཤ་ཚ་སྙིང་ཉེ་བྱེད་བཞིན་པ་མཐོང་སྐབས་རང་ཉིད་ལའང་སེམས་འགུལ་ཐེབས་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པའི་རྗེས་སུ། འགྱུར་ལྡོག་གི་སྟེང་ནས་བཤད་ན། ང་ཚོའི་སྡོད་ཁང་ཡིན་ན་ཆོག་གི ར་སྐོར་ཡིན་ན་ཆོག་གི སྒོ་ཆེན་ཡིན་ན་ཆོག ལམ་ཡིན་ན་ཆོག་གི འགྱུར་ལྡོག་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། ཁང་པ་ཡང་འཛུགས་སྐྲུན་ཡག་པོ་བྱས་པ་དང་། ངེད་ཚང་གི་འཚོ་བའི་ཐད་ནས་ཀྱང་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པའི་རྗེས་སུ་སྒོར་མོ་ཁྲི་གསུམ་གྱི་ཡོང་སྒོ་ཇེ་མཐོར་སོང་བའི་འགྱུར་ལྡོག་བྱུང་ཡོད། ད་དགའ་དགའ་སྤྲོ་སྤྲོའི་བདེ་སྐྱིད་ཀྱི་འཚོ་བ་སྐྲུན་བཞིན་ཡོད་པ་དེ་འདྲ་ཞིག་རེད།  

ལོ་ངོ་གཉིས་ཀྱི་རིང་ལ་བསོད་ནམས་ཚེ་རིང་ཚང་གཙོ་བྱས་པའི་སྡེ་མི་ཡོངས་ཀྱིས་ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར། སྣེ་ཁྲིད་བཅས་ལ་ཡིད་ཆེས་ཀྱིས་ཁེངས་ཤིང་། ཚན་རིག་དང་མཐུན་པའི་འཆར་འགོད་དང་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས། ཏང་འཛུགས་དང་གྲོང་གསེབ་ཡུལ་སྐོར་ཟུང་འབྲེལ་བྱས་ནས་དེ་ཉིད་ཞིང་ཆེན་ནང་ཁུལ་གྱི་སྤུས་ལེགས་ཡུལ་སྐོར་ལམ་ཐིག་ནང་བཅུག་སྟེ། གསར་བརྗེའི་རིག་གཞུང་ཞིབ་འཇུག་དང་། ཁྱད་ལྡན་ཡུལ་སྐོར། ནུས་མཐོའི་ཕྱུགས་ལས་གསོ་སྤེལ། སྦི་རག་བསྙལ་ནས་ལས་སྣོན་བྱེད་པ། ཕྱུགས་ལས་ཐོན་རྫས་ལས་སྣོན། ཇུས་འགོད་གསར་སྤེལ་སོགས་ཁྱབ་ཁོངས་མང་པོ་གཞི་གཅིག་ཏུ་འཕེལ་རྒྱས་གཏོང་བའི་རྣམ་པ་ཆགས་ཡོད་པའི་སྐོར་ནས་གསར་འགོད་པ་དག་ལ་འོམ་ཆུ་གྲོང་རྡལ་གྱི་གྲོང་གཙོ་གཞོན་པ་རིག་བཟང་རྒྱལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་གནས་འདིར་ཕེབས་ནས་ལོ་ངོ་གཉིས་ལྷག་འགོར་བའི་རིང་གི་འགྱུར་ལྡོག་གི་སྐོར་ནས་ཡིད་ཆེས་ཀྱིས་ཁེངས་ཏེ་བཤད་རྒྱུར།

ལོ་གཉིས་རིང་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་དང་། རྫོང་དང་གྲོང་རྡལ་རིམ་པས་དཀོན་ལོ་གོང་མ་སྡེ་བ་ཡི་སྐྱེ་ཁམས་དང་། ཐོན་སྐྱེད། གཞིས་སྡོད། ལྗོངས་རྒྱུ་སོགས་ཕྱོགས་བཞིའི་ཐད་ནསཇུས་འགོད་བྱས་ཡོད། ད་ལྟ་ལེགས་འགྲུབ་བྱུང་བའི་འཛུགས་སྐྲུན་སྐོར་ཡིན་ན། སྔོ་ཚལ་གྱི་འདེབས་ས་དང་། ཕྱུགས་ཟོག་འཚོ་ས། སྦྲ་གུར་གྱི་སྤྲོ་གསེང་། དེ་མ་གཏོགས་ད་དུང་སྦི་རག་གི་ལས་སྣོན་བྱེད་ས་སོགས་ལས་དང་ལས་ཚར་བཞིན་པ་རེད། དེའི་མི་ཚད2022ལོར་དཀོན་ལོ་གོང་མ་སྡེ་བར་ཐུན་མོང་གི་ཡོང་སྒོ་སྒོར་མོ་འབུམ་བཞི་ཡོད་པར་གྱུར་བ་དང་། ད་ལོར་མཚོན་ན་རྒྱུ་ན། ཡོང་སྒོ་སྒོར་མོ་ས་ཡ་གཅིག་ལ་བསླེབ་རྒྱུ་རེད། 

དྲིན་གཟོ་ཡར་བརྩོན་དང་འབད་འབུངས་ལྷོད་མེད་བྱེད་ཀྱིན་པའི་དཀོན་ལོ་གོང་མ་སྡེ་བས་ཁ་ཕྱོགས་གསལ་བོ་དང་དམིགས་འབེན་གསལ་བོ་ཡོད་པའི་སྒོ་ནས་ལས་དོན་རེ་རེ་ཧུར་ཐག་གིས་བསྒྲུབས་ཡོད་ལ། འདས་ཟིན་པའི་ལོ་ངོ་གཉིས་ཀྱི་འགྱུར་ལྡོག་གིས་སྔར་ལས་ཀྱང་ཏང་གི་དྲིན་དྲན་པ་དང་ཏང་གི་རྗེས་སུ་འབྲང་བའི་འདུ་ཤེས་ཟབ་མོས་འཚོ་བར་ཡིད་ཆེས་དང་བདེ་སྐྱིད་ཀྱིས་ཁེངས་འདུག

གསར་འགོད་པ། ཕྱུག་ལོ། བཀྲ་ཤིས་དོན་གྲུབ། ཚེ་རིང་སྒྲོལ་མ། མི་ཕམ་མགོན་པོ། 

རྩོམ་སྒྲིག་གའན་འཁུར་བ། ཕྱུག་ལོ། 

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།