ཁྲིན་ཀང་གིས་སྐབས་ཉེར་བཞི་བའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ལ་ཐུག་འཕྲད་བྱས།
2023.07.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 63

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཟི་ལིང་ནས་སྐབས་ཉེར་བཞི་བའི་ཀྲུང་གོའི་མཚོ་སྔོན་གྱི་ལྷད་མེད་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་གི་ཚོང་གཏམ་གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ལ་ཐུག་འཕྲད་བྱས།

ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཚང་མ་མཚོ་སྔོན་དུ་ཕེབས་པར་དགའ་བསུ་ཞུས་པ་དང་། མཚོ་སྔོན་གྱི་གནས་ཚུལ་དང་སྐབས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་གཞི་རྩའི་གནས་ཚུལ་མཚམས་སྦྱོར་མདོར་བསྡུས་བྱས། ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཅིང་། མཚོ་སྔོན་གྱི་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གནས་ཚུལ་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་གསལ་བོར་བསྟན་ནས། མཚོ་སྔོན་ལ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་བསྐྲུན་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐབས་ལམ་གསལ་བོར་བསྟན་ཡོད། མིག་སྔར་ཕྱོགས་སོ་སོའི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག་ཏུ། འགྲེམ་སྟོན་ཚོགས་འདུའི་གྲ་སྒྲིག་བྱ་བ་སྣ་ཚོགས་ཡོངས་འགྲུབ་བྱས་ཡོད། སྐུ་མགྲོན་རྣམ་པ་འགྲེམ་སྟོན་ཚོགས་འདུར་ཞུགས་ཏེ། མཚོ་སྔོན་གྱི་ཡུལ་སྲོལ་གོམས་གཤིས་དང་གྲོང་གསེབ་ཀྱི་འགྱུར་ལྡོག་ཉམས་སུ་མྱོང་བ་དང་། མཚོ་སྔོན་ལ་རོགས་རམ་བྱས་ནས་འཆར་འགོད་འདོན་པ་དང་། མཚོ་སྔོན་དྲིལ་སྒྲོག་དང་མཚམས་སྦྱོར་བྱེད་པ། མཚོ་སྔོན་དུ་ཡོང་ནས་དངུལ་གཏོང་ལས་སྤེལ་བྱེད་པའི་རེ་བ་ཡོད། ང་ཚོས་མུ་མཐུད་དུ་ཕྱོགས་སོ་སོའི་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། མཉམ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་གྱིས་སྐབས་ཉེར་བཞི་བའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྤེལ་བར་རྟེན་འབྲེལ་ཞུས་པ་དང་། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་དགའ་སྤྲོ་སྐྱེས་པའི་ཚུལ་བསྟན། ཚང་མས་ལང་ལོང་སྒོས་བསྟན་དོན། མཚོ་སྔོན་གྱི་རང་བྱུང་ཁོར་ཡུག་མཛེས་ཤིང་ལྟ་ན་སྡུག་པ་དང་། རིག་གནས་སྣ་མང་མཉམ་འདུས་བྱས་ཡོད་ལ། ཐོན་ཁུངས་ཁྱད་སྟོབས་ཐུན་མོང་མིན་པ་ཡོད་པར་མ་ཟད། འཕེལ་རྒྱས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ཡོད། སྐབས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་བརྗོད་སྙིང་གསལ་ཞིང་གྲ་སྒྲིག་གང་ལེགས་བྱས་ཡོད་པས་ཚུར་སྣང་དྲག་པོ་བྱུང་ཡོད་ཟེར།

མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ལ་ཞུགས་པ་བརྒྱུད་དེ་སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་ཧུར་ཐག་སྒོས་མཉམ་ལས་རེ་འདུན་སྐོར་ཞིག་བཀོད་དེ། ལས་གཞི་སྐོར་ཞིག་དངོས་འབེབས་བྱེད་པར་བརྩོན་ལེན་བྱས་ནས། མཉམ་དུ་གཉིས་ཕན་མཉམ་རྒྱལ་གྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་གཏོད་བྱེད་ཐུབ་པའི་རེ་བ་ཡོད།

ཞིང་ཆེན་གྱི་མགོ་ཁྲིད་པ་མགོན་པོ་བཀྲ་ཤིས་དང་། ཝང་ལོས་མེན། ཀྲུའུ་ཞང་ཧྥུང་། ལིའུ་ཁྲའོ། ཝང་ཧེ་ཧོང་བཅས་སོ་སོར་ཐུག་འཕྲད་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།