ཟླ་བདུན་པའི་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར། སྐབས་ཉེར་བཞི་བའི་ཀྲུང་གོའི་མཚོ་སྔོན་ལྷད་མེད་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ཚོང་གཏམ་གྲོས་ཚོགས་ཟི་ལིང་ནས་གཟབ་རྒྱས་ངང་བསྡུས།
ཟླ་བདུན་པའི་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར། སྒོ་འབྱེད་མཉམ་ལས་དང་ལྷད་མེད་འཕེལ་རྒྱས་བརྗོད་སྙིང་ཡིན་པའི་སྐབས་ཉེར་བཞི་བའི་ཀྲུང་གོའི་མཚོ་སྔོན་ལྷད་མེད་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ཚོང་གཏམ་གྲོས་ཚོགས་ཟི་ལིང་ནས་གཟབ་རྒྱས་ངང་བསྡུས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དམངས་གཙོ་རྒྱལ་འཛུགས་ཀྱི་ཀྲུང་དབྱང་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཆིན་པའོ་ཡུང་གིས་ཞུ་ཚིག་ཕུལ་བ་དང་ཚོང་གཏམ་གྲོས་ཚོགས་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།
རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་རྟོག་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཨུའི་ཧྲུའུ་ཅི། ཀྲུའུ་རིན་ཀྲང་ཡུས་ཀྲའོ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གཉིས་ཀྱིས་ཞུ་ཚིག་ཕུལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་མཛད་སྒོར་ཞུགས། ཀྲུང་གོའི་ཕྱི་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འདེམ་སྒུག་མི་སྣ་ཁྲིན་ཧོང་དང་། རྒྱལ་ཁབ་ཚོང་རའི་ལྟ་རྟོག་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཕུའུ་ཁྲོན། ཀྲེ་ཅང་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ཡན་ཡུན་བཅས་ཀྱིས་སོ་སོར་ཞུ་ཚིག་ཕུལ།
ཆིན་པའོ་ཡུང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚབ་བྱས་ཏེ་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་བསྡུས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས། ཁོ་མོས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་མཐོང་ཆེན་བྱས་ཤིང་། མཚོ་སྔོན་ལ་ཆེས་ཆེ་བ་གསུམ་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་བསྩལ་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་འཛུགས་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པར་རླབས་ཆེན་ཇུས་གཞི་བྲིས་ཡོད། ད་ལྟའི་མཚོ་སྔོན་གྱི་འཕེལ་རྒྱས་སྤུས་ཚད་དང་ཕན་འབྲས་མངོན་གསལ་གྱིས་མཐོར་འདེགས་བྱུང་ཡོད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ལ། བཅོས་བསྒྱུར་སྒོ་འབྱེད་ཀྱི་གསར་གཏོད་གསོན་ཤུགས་ཇེ་ཆེར་རྒྱས་པ་དང་། རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བར་ལེགས་བཅོས་ཆེན་པོ་བྱུང་ཡོད་པར་མ་ཟད། སྤྱི་ཚོགས་བཅོས་སྐྱོང་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་བྱུང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པའི་ཡང་དག་པའི་ཁ་ཕྱོགས་བསྙེག་ནས། འཕེལ་རྒྱས་གསར་བའི་གྲུབ་ཚུལ་དུ་འདྲེས་ནས་ཞབས་ཞུ་བྱེད་པ་དང་། གོམ་སྟབས་བརྟན་པོས་སྐྱེ་ཁམས་གཙོ་འཛིན་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཚོ་བ་གསར་བསྐྲུན་བྱེད་པའི་འབད་འཐབ་དམིགས་འབེན་དེ་མངོན་འགྱུར་བྱུང་ཡོད།
མཚོ་སྔོན་ཚོང་གཏམ་གྲོས་ཚོགས་བསྟུད་མར་བདེ་བླག་ངང་སྤེལ་བ་དེ་མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་གོང་སྤེལ། སྐྱེ་ཁམས་དཔལ་ཡོན། དམངས་འཚོའི་ལེགས་བཅོས་བཅས་ཀྱི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་དང་། ཤར་ནུབ་བརྒྱུད་ཀྱི་རོགས་ལས་གཏིང་ཟབ་ཏུ་སྤེལ་བ་དང་ས་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཕན་ནུས་ལྡན་པའི་སྒོ་གནས་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པའི་སྟེགས་བུའི་ཐབས་ལམ་དུ་གྱུར་ཡོད་ལ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་སྐྱེ་ཁམས་སྲུང་སྐྱོབ་གྲུབ་འབྲས། མི་རིགས་མཐུན་སྒྲིལ་གོང་སྤེལ་བཅས་མངོན་པར་བྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད།
ཀྲང་ཡུས་ཀྲའོ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་རྟོག་དོ་དམ་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་བདེ་བླག་ངང་སྤེལ་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བསྟན་པའི་ཁ་ཕྱོགས་བསྙེག་ནས། མཚོ་སྔོན་གྱིས་དཀའ་སྤྱད་འབད་བརྩོན་བྱས་ཏེ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་བླངས་ཡོད་ཅིང་། སྐྱེ་ཁམས་ཁོར་ཡུག་སྔར་ལས་མཛེས་པ་དང་། དཔལ་འབྱོར་འཕེལ་རྒྱས་སྔར་ལས་སྟོབས་དང་ལྡན་ལ། མི་རིགས་མཐུན་སྒྲིལ་སྔར་ལས་སྲ་བརྟན་ཡིན་པར་མ་ཟད། རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་ཚོར་ཇེ་དྲག་ཏུ་སོང་ཡོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མདུན་ལྗོངས་རྒྱ་བསྐྱེད་པ་དང་མ་འོངས་པར་རེ་བས་ཁེངས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་རྟོག་དོ་དམ་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་དངོས་འབེབས་བྱས་ཏེ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་དུ་བརྩིས་ཏེ། ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་བར་གྱི་ཕྱོགས་སོ་སོའི་མཉམ་ལས་ལ་སྐུལ་འདེད་གཏོང་བར་རྩ་འཛུགས་བྱེད་པ་དང་། མཉམ་ལས་སྦྲེལ་མཐུད་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ནས་བསྟུད་མར་མཚོ་སྔོན་གྱི་དངུལ་གཏོང་ཇེ་ཆེར་གཏོང་དགོས་ལ། རྒྱུན་ཆད་མེད་པར་ཕྱོགས་གཉིས་ཀྱི་མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་དེ། ཐོན་ལས་གསར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོབ། གྲོང་གསེབ་དར་སྤེལ། རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་སོགས་ཐད་ནས་མཉམ་ལས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པར་བྱས་ནས། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས། དམངས་འཚོའི་ཕན་བདེའི་ལེགས་བཅོས། མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཀྱི་ཐད་བྱས་རྗེས་གལ་ཆེན་འཇོག་རྒྱུ་ཡིན།
ཁྲིན་ཀང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ཏེ། ཚོགས་ཞུགས་སྐུ་མགྲོན་རྣམས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས། ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཁ་ཕྱོགས་གཏན་འཁེལ་བྱས་ཏེ། མཚོ་སྔོན་རྒྱལ་ཁབ་ཀྱི་ཆེ་ཕྱོགས་སུ་འདྲེས་པར་བྱེད་ཆེད་འོད་གསལ་གྱི་ལམ་ཆེན་བསྟན་ཡོད་པ་དང་། ཕྱོགས་སོ་སོ་དང་རིམ་པ་སོ་སོའི་ལྷད་མེད་ཐཱན་ཉུང་གི་བཅོས་བསྒྱུར་ཅིག་ངང་གིས་སྤེལ་བཞིན་ཡོད། རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དུས་རབས་རླབས་ཆེན་ཁྲོད། ང་ཚོས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་སྒོ་འབྱེད་མཉམ་ལས་དང་ལྷད་མེད་འཕེལ་རྒྱས་ཀྱི་སྟེགས་བུ་འདི་བེད་སྤྱོད་གང་ལེགས་བྱས་ཤིང་། ཕྱོགས་སོ་སོའི་བར་ལྷད་མེད་ཚོང་སྐལ་མཉམ་སྤྱོད་དང་ལྷད་མེད་རྒྱུ་ནོར་མཉམ་བསྐྲུན་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་བསྐྲུན་བྱེད་པའི་ཐད་ནས་མཉམ་ལས་གཏིང་ཟབ་སྤེལ་བ་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་ཐད་ནས་གཉིས་ཕན་མཉམ་རྒྱལ་ཡོང་བར་བྱེད་པ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐད་ནས་མཉམ་དུ་འཚོལ་ཞིབ་བྱེད་པ་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་དེང་རབས་ཅན་ཐད་ནས་ལག་རྡང་སྦྲེལ་ནས་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།
ཁྲིན་ཧོང་གིས་ཀྲུང་གོའི་ཕྱི་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ཏེ་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་མགོ་བརྩམས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། ཕུའུ་ཁྲོན་གྱི་རྒྱལ་ཁབ་ཚོང་རའི་ལྟ་རྟོག་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཚབ་བྱས་ཏེ་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་མགོ་བརྩམས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས། ཀྲང་ཡན་ཡུན་གྱིས་ཀྲེ་ཅང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཚབ་བྱས་ཏེ་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་མགོ་བརྩམས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།
ཚོགས་ཐོག་ནས་ཀྲུང་གོར་སྡོད་པའི་ཐི་ལི་ནེ་ཏཱ་དང་ཏའོ་པཱ་ཀི་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་དང་། ཀྲུང་གོར་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་བཟོ་ལས་འཕེལ་རྒྱས་རྩ་འཛུགས་ཀྱི་འཐུས་མིའི་ཁྲུའུ་ཡི་གནས་སྐབས་ཚབ་བྱེད་འཐུས་མིས་སོ་སོར་ཞུ་ཚིག་ཕུལ།
རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུའི་མགོ་ཁྲིད་པ་དང་། ཀྲུང་གོར་སྡོད་པའི་གཞུང་ཚབ་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་སྐོར་ཞིག འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར། དམིགས་བསལ་སྲིད་འཛིན་ས་ཁུལ་བཅས་ཀྱི་འཐུས་ཚབ་ཚོགས་པའི་མགོ་ཁྲིད་པ། ཡོན་ཧྲི་དང་མིང་དུ་གྲགས་པའི་མཁས་པ། ཀྲུང་དབྱང་གི་ཁེ་ལས་སྐོར་ཞིག་གི་བློ་མཐུན། སྐད་གྲགས་ཅན་གྱི་དམངས་གཉེར་ཁེ་ལས་པ་སོགས་མཛད་སྒོར་ཞུགས།
མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་པ་ཝང་ལིས་མེན་དང་། ཝང་ཝེ་ཏུང་། ཝང་དབྱང་། ཀྲའོ་ཡའོ་ཞཱ། ཚེ་རིང་ཐར། དབྱང་ཧྥ་སིན། ཝང་ཏཱ་ནན། ཝང་ལིན་ཧུའུ། ཝུའུ་ལཱ་ཙི་པེ་ཁི་རི་སུའུ་ལེ་ཧན། པད་ཁོ། ཀྲུའུ་ཞང་ཧྥུན། ཡེ་ཧྲུའུ་ཆང་། ལོའུ་ཀང་། དབྱང་ཀྲི་ཝུན། ལིའུ་ཁྲའོ། ལིས་ཧོང་ཡཱ། ཧི་ལུའུ་ཁྲོན། ཝང་ཧེ་ཧོང་བཅས་བྱ་འགུལ་ལ་ཞུགས།
ཚེས་བཅུ་དགུ་ཉིན་འབྲེལ་ཡོད་མགོ་ཁྲིད་དང་སྐུ་མགྲོན་གྱིས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་འགྲེམ་སྟོན་ཁང་ལ་ལྟ་སྐོར་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།