མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་བཞི་པའི་དངུལ་གཏོང་གསལ་བཤད་ཚོགས་འདུ་དང་མཉམ་ལས་ལས་གཞིར་གན་རྒྱ་འཇོག་པའི་མཛད་སྒོ་ཟི་ལིང་ནས་བསྡུས།
2023.07.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 51

ཟླ་བདུན་པའི་ཚེས་ཉི་ཤུ་ཉིན། ཀྲུང་གོ·མཚོ་སྔོན་ལྗང་མདོག་འཕེལ་རྒྱས་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་བཞི་པའི་དངུལ་གཏོང་གསལ་བཤད་ཚོགས་འདུ་དང་མཉམ་ལས་ལས་གཞིར་གན་རྒྱ་འཇོག་པའི་མཛད་སྒོ་ཟི་ལིང་དུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་ནས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས། ཧྲིན་ཀྲང་གཞོན་པ་ལིག་ཁྲའོ་ཡིས་ཚོགས་འདུར་མགོ་འཛིན་བྱས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང་། “སྔར་ལས་གལ་ཆེན་གསུམ”གྱི་འཐབ་ཇུས་གནས་བབ་བསྩལ་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས “གནས་བཞིའི”འཛུགས་སྐྲུན་ལ་འཆར་གཞི་ཆེན་པོ་བཀོད་ཡོད། མིག་སྔར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་དེད་དེ་བརྟན་པོའི་ངང་མདུན་སྐྱོད་བྱེད་བཞིན་ཡོད་ཅིང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ཤུགས་སྔར་ལས་ཇེ་མགྱོགས་སུ་བཏང་བར་བརྟེན། ལས་དོན་ཁག་ཚང་མར་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱུས་བྱུང་ཡོད་ལ། སྦས་ཤུགས་ཀྱང་ཧ་ཅང་ཆེན་པོ་ལྡན། ཁེ་ལས་མཁས་ཅན་དང་གྲོགས་པོ་ཚོས་མཚོ་སྔོན་ལ་མ་དངུལ་གཏོང་བ་དང་མཚོ་སྔོན་ནས་ལས་སྐྲུན་བྱེད་པ། མཚོ་སྔོན་ནས་རྐང་ཚུགས་པར་བྱེད་པ་བཅས་བྱས་ནས། གཉིས་ཕན་གཉིས་རྒྱལ་ཡོང་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ་བཞིན་ཡོད།

ལེའོ་ཉིང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝུན་ཞུའེ་ཆུང་དང་། སི་ཁྲོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཞིན་ཕིང་། བོད་རང་སྐྱོང་ལྗོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཝུན་ཀི། ཀན་སུའུ་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལའེ་ཟི་ཝེ་བཅས་ཀྱིས་སྔ་རྗེས་སུ་དྲིལ་བསྒྲགས་འོས་སྦྱོར་བྱས།  ཀྲུང་གོ་ཝུའུ་ཁུང་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་གཞོན་པ་ཀྲུའུ་ཁི་པུན་དང་། ཧུང་ཧྲི་མ་རྐང་ཚོད་འཛིན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་གཞོན་པ་ཀྲུའུ་རོས་ཅུན་གྱིས་ཚོགས་ཞུགས་ཁེ་ལས་ཀྱི་ཚབ་བྱས་ནས་གཏམ་བཤད་བྱས།

སྐབས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་དུ། ཁྱོན་བསྡོམས་མཉམ་ལས་ལས་གཞི་ཉིས་བརྒྱ་ཉེར་བདུན་ལ་གན་རྒྱ་བཞག་པའི་ནང་། ལས་གཞི་བཅུ་གཉིས་ལ་ཡུལ་དངོས་ནས་གཅིག་སྡུད་སྒོས་གན་རྒྱ་བཞག་པ་དེའི་ཁྲོད་དུ། ནུས་ཁུངས་གསར་པ་དང་རྒྱུ་ཆ་གསར་པ། མདོག་ལྡན་ལྕགས་བཞུ། གཞི་གྲངས་ཆེན་མོ། སྒྲིག་ཆས་བཟོ་སྐྲུན། རིག་གནས་ཡུལ་སྐོར། ཁྱད་ལྡན་ཞིང་འབྲོག་སོགས་ཐོན་ལས་ཁྱབ་ཁོངས་མང་པོར་འབྲེལ་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།