མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ལས་སོ་སོར་གན་རྒྱའི་དངུལ་གྲངས་སྒོར་བརྒྱ་ཆའི་ང་ལྔ་དང་བརྒྱ་ཆའི་ཉིས་བརྒྱ་སོ་གཉིས་འཕར་འདུག
2023.07.25 ཁུངས། ཀློག་གྲངས། 102

ཟླ་བདུན་པའི་ཚེས་ཉེར་བཞི་ཉིན། སྐབས་ཉེར་བཞི་པའི་ཀྲུང་གོ་མཚོསྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་བརྗེ་རེས་ཚོགས་འདུའི་སྟེང་གྲུབ་འབྲས་སྒྲོག་སྤེལ་བྱས་ཤིང་། ལེགས་འགྲུབ་བྱུང་བའི་མཉམ་ལས་ཀྱི་ལས་གཞི་ཉིས་བརྒྱ་དང་ཉེར་ལྔ་ཡོད་པ་དང་། གན་རྒྱ་བཞག་པའི་དངུལ་གྲངས་སྒོར་ཁྲག་ཁྲིག་གསུམ་དང་ཐེར་ཆེན་བཞི་ཐེར་འབུམ་བདུན་རེད། སོ་སོར་སྐབས་སྔོན་མ་དང་བསྡུར་ན་བརྒྱ་ཆའི་ང་ལྔ་དང་བརྒྱ་ཆའི་ཉིས་བརྒྱ་སོ་གཉིས་འཕར་འདུག་ལ། ཆ་སྙོམས་ཀྱི་གསར་སྐྲུན་ཚད་ཆེས་མཐོ་བའི་ལོ་རེད། 

སྐབས་ཉེར་བཞི་པའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱིས་སྒོ་འབྱེད་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས་བརྗོད་གཞི་བྱས་ཏེ། ཁུ་སྡུད་དང་དངོས་གཉེར། གྲོན་ཆུང་། ཕན་མཐོ། བདེ་འཇགས་བཅས་ཀྱི་རྩ་དོན་གཞིར་བཟུང་ནས་ཟི་ལིང་དུ་བདེ་བླག་ངང་སྤེལ། སྐབས་དེར་རིགས་སོ་སོའི་བྱ་འགུལ་གལ་ཆེན་ཉེར་བདུན་སྤེལ་པ་དང་། སྲིད་ཚོང་ཕྱོགས་ཀྱི་འཐུས་མི་དང་གྲགས་ཅན་མི་སྣ་བསྡོམས་པས་བརྒྱ་དང་ཉི་ཤུ་གདན་ཞུ་གནང་། ཀྲུང་དབྱང་ཁེ་ལས་ཀྱི་འགན་ཁུར་བ་ཞེ་དགུ་དང་ཡོན་ཧྲི་བཅོ་ལྔ། དམངས་གཉེར་ཁེ་ལས་གྲགས་ཅན་བཅུ་བདུན། རྒྱལ་ཁོངས་བརྒལ་བའི་ཁེ་ལས་བཅུ་གཅིག་བཅས་ཀྱི་འཐུས་ཚབ་མི་སྣ་གྲོས་ཚོགས་དང་བྱ་འགུལ་གལ་ཆེན་ལ་ཞུགས་ནས། ཆུ་ཚད་སྔར་ལས་མཐོ་བ་དང་ཕན་འབྲས་སྔར་ལས་ལེགས་པ། མཚར་སྡུག་སྔར་ལས་ལྡན་པ་བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱས། 

ད་ལོ་མཚོ་སྔོན་གྱིས་ཚོང་འགུགས་གཙིགས་སུ་བཟུང་ནས། ཀྲུང་དབྱང་ཁེ་ལས་ཉེར་གསུམ་ལ་མཉམ་ལས་ཀྱི་གན་རྒྱའི་རྣམ་གྲངས་གོ་བདུན་བཞག་ཅིང་། དངུལ་གྲངས་ཀྱི་ཚད་སྒོར་ཁྲག་ཁྲིག་གཉིས་དང་ཐེར་ཆེན་བཞི་དུང་ཕྱུར་བཞི་རེད། གྲོང་ཁྱེར་དང་ཁུལ་གྱི་དངུལ་གཏོང་སྐུལ་འདེད་གྲོས་ཚོགས་དང་མཉམ་ལས་ལས་གཞིའི་ཆེད་འགོད་བྱ་འགུལ་ཐེངས་བདུན་ལ་སྤེལ་ནས། མཉམ་ལས་ལས་གཞི་བརྒྱ་དང་ཉེར་བརྒྱད་ལ་གན་རྒྱ་བཞག དངུལ་གྲངས་ཀྱི་ཚད་སྒོར་ཁྲག་ཁྲིག་གཅིག་དང་ཐེར་འབུམ་དྲུག་དུང་ཕྱུར་དྲུག་ལ་སླེབས་ཡོད། ལའོ་ཉིན་དང་སི་ཁྲོན། བོད་ལྗོངས། ཀན་སུའུ་བཅས་ཞིང་ཆེན་བཞིའི་ཆེད་དོན་སྐུལ་སྤེལ་ཚོགས་འདུ་བསྡུས་ནས། ཞིང་ཆེན་བར་གྱི་མཉམ་ལས་ལས་གཞི་གཉིས་ལ་མཆན་འགོད་བྱས་ཤིང་། སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་ལ་སླེབས། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།