རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་ཚེས25ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས་པ་དང་། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས།
ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ལྐོག་རྔན་སྤྲོད་པ་སོགས་ཉེས་གསོག་ལ་སྔོན་འགོག་དང་ཆད་གཅོད་བྱེད་པའི་ལག་ལེན་གྱི་དགོས་མཁོ་དང་འཚམ་པར་བྱ་ཆེད། ཨུ་ཡོན་ཀྲང་གྲོས་ཚོགས་སྟེང་ཉེས་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་མ་ཡིག་ལ་གྲོས་ཞིབ་བྱ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན་པ་དང་། འཆར་ཟིན་ནང་ཏང་ཀྲུང་དབྱང་གིས་རུལ་སུངས་ལ་ངོ་རྒོལ་དང་དམངས་གཉེར་ཁེ་ལས་ལ་ཁྲིམས་ལྟར་སྲུང་སྐྱོང་བྱེད་པའི་འཐབ་ཇུས་གལ་ཆེན་ལ་དམིགས་ཏེ་ཉེས་ཁྲིམས་ཀྱི་ཚད་ལྡན་འགན་ལེན་དང་སྣེ་ཁྲིད་སྐུལ་འདེད་ནུས་པ་འདོན་སྤེལ་བྱ་རྒྱུར་སྔར་ལས་མཐོང་ཆེན་བྱེད་པ་དང་། གནད་དོན་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་ལག་ལེན་ཁྲོད་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་བཅའ་ཁྲིམས་ཀྱི་དམིགས་སའི་རང་བཞིན་ཆེ་རུ་གཏོང་བ། མ་ལག་འདུ་ཤེས་དང་ཁྲིམས་སྐྱོང་བསམ་གཞིག་རྒྱུན་འཁྱོངས་བྱས་ནས་ཆད་གཅོད་བྱ་ཡུལ་དང་བྱ་སྤྱོད་གནད་འཁེལ་ཁོང་དུ་ཆུད་པར་བྱེད་དགོས། འཆར་ཟིན་གྱིས་ལྐོག་རྔན་སྤྲོད་པ་དང་དམངས་གཉེར་ཁེ་ལས་ནང་ཁུལ་གྱི་མི་སྣའི་རུལ་སུངས་དང་འབྲེལ་བའི་ཉེས་གསོག་གཏན་འབེབས་སྔར་ལས་འཐུས་ཚང་དུ་བཏང་ཡོད། ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་མངགས་བཅོལ་སྐོར་ལྟར། རྒྱལ་ཡོངས་དངམས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྲིན་ཁྲུན་ཡའོ་ཡིས་གསལ་བཤད་བྱས།
ཚོགས་ཐོག་ཏུ་ད་དུང་བསྐོ་འཐེན་གྲོས་གཞིར་གྲོས་ཞིབ་བྱས།
ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་རྗེས་སུ་ཚན་ཆུང་སོ་སོའི་གྲོས་ཚོགས་བསྡུས།
ཚེས་25ཉིན་གྱི་ཕྱི་དྲོར། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་འགོ་འཛིན་བྱས་ཏེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་དགུ་པ་བསྡུས་པ་དང་། འབྲེལ་ཡོད་གྲོས་དོན་ལ་གྲོས་ཞིབ་བྱས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དྲུང་ཡིག་ཆེན་མོ་ལིའུ་ཆི་ཡིས་སྙན་ཞུ་ཕུལ།
ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་རྗེས་སུ་མཇུག་སྒྲིལ་ཚོགས་འདུ་བསྡུས་པ་དང་། ཚོགས་འདུའི་སྟེང་ཆིན་ཀང་གིས་འགན་གཅིག་ལྕོགས་སུ་འཁུར་བའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གི་གོ་གནས་ལེན་རྒྱུ་དང་། ཝང་དབྱི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ལ་བསྐོ་འཇོག་བྱེད་རྒྱུ།
དབྱི་ཀང་གི་ཀྲུང་གོ་མི་དམངས་དངུལ་ཁང་གི་འགོ་གཙོའི་གོ་གནས་ལེན་རྒྱུ་དང་། ཕན་ཀུང་ཧྲིན་ཀྲུང་གོ་མི་དམངས་དངུལ་ཁང་གི་འགོ་གཙོ་ལ་བསྐོ་འཇོག་བྱེད་རྒྱུ་ཐག་བཅད།
མཇུག་སྒྲིལ་ཚོགས་འདུའི་རྗེས་སུ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས།
ཤ་བོ་གསེར་མཚོས་བསྒྱུར།