------རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གིས་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཐད་ལ་ཤུགས་བསྣན་ནས་ནགས་རྩྭ་འདེབས་འཛུགས་ཀྱི་གཞི་རྒྱ་ཆེ་རུ་བསྐྱེད།
རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་རྗེས་སུ།རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས།མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ལ་སྲུང་སྐྱོབ་དང་།ཡིད་འོང་གཅན་ཚའི་མཛེས་སྡུག་གི་ལྗོངས་བཀོད་ལ་བཀྲག་མདངས་སྣོན་ཆེད།བསྟུད་མར་ལོ་འགའི་རིང་ལ་རྒྱལ་ཁོངས་ལྗང་སྒྱུར་གྱི་གོ་བབ་དེ་མཚོ་སྔོན་ཞིང་ཆེན་ཡོངས་ནས་ཨང་དང་པོ་ཟིན་པའི་འཕེལ་རྒྱས་ཀྱི་ངོས་ནས་སྔར་མེད་གྲུབ་འབྲས་གསར་བ་ལེན་པར་བརྩོན་ལེན་བྱེད་བཞིན་མཆིས།
གཅན་ཚ་རྫོང་གིས་ཉིས་སྟོང་བཅུ་བདུན་ལོ་ནས་རྒྱལ་ཁོངས་ལྗང་སྒྱུར་གྱི་སྟེང་ལ་ཤུགས་བསྣན་ནས་གྲུབ་འབྲས་བླ་ན་མེད་པ་བླངས་ཏེ།སྔ་རྗེས་སུ་རྒྱལ་ཡོངས་སྐྱེ་ཁམས་འཛུགས་སྐྲུན་གྱི་འབུར་ཐོན་བྱས་རྗེས་བཞག་པའི་སྔོན་ཐོན་ཐུན་མོང་གི་གཟེངས་རྟགས་ཐོབ་ལ།རྨ་ལྷོ་ཁུལ་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་དམིགས་ཚད་དཔྱད་ཞིབ་ཀྱི་ཨང་དང་པོའི་གཟེངས་རྟགས་སོགས་ཐོབ་ཡོད།ད་ལོའི་ཚོགས་ཆེན་གཉིས་ཀྱི་རྗེས་སུ།ཡང་བསྐྱར་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་མཁོ་ལྟར།ནགས་རྩྭ་འདེབས་འཛུགས་ཀྱི་འཆར་འགོད་བྱས་ཏེ།ཉིས་སྟོང་ཉེར་གསུམ་ལོར།སྤྱིའི་མ་དངུལ་སྒོར་འབུམ་གཅིག་དང་ཁྲི་བརྒྱད་སུམ་བརྒྱ་དོན་གསུམ་བཏང་ནས།ས་མུའུ་འབུམ་ལྔ་དང་ཁྲི་བཞི་སྟོང་ལྔ་སུམ་བརྒྱ་དང་དྲུག་ལྗང་སྒྱུར་བྱ་རྩིས་རེད།
གཅན་ཚ་རྫོང་གིས་ནགས་རྩྭ་འདེབས་འཛུགས་དང་དོ་དམ་གྱི་ངོས་ནས།ས་གནས་རང་གི་ཁྱད་ཆོས་ལ་གཞིགས་ནས།ནགས་སྲུང་དང་རྩྭ་སྲུང་ཁྱོན་བསྡོམས་མི་སྟོང་གཉིས་ལྷག་ཡོད་པ་ཚང་མ་མཉམ་བསྡེབས་བྱས་ཤིང་།བརྒྱ་ཆའི་སུམ་ཅུའི་ནགས་འདེབས་དང་བརྒྱ་ཆའི་བདུན་ཅུའི་དོ་དམ་གྱི་རྣམ་པ་བེད་སྤྱད་ནས།སྔོན་ཆད་ཀྱི་ས་ནག་དང་བྱེ་རི་མང་པོ་ལ་ལྗང་སྨྱུག་འབུས་ཏེ།ས་གནས་མང་ཚོགས་ཀྱིས་ཀྱང་དགའ་མགུ་ཆེན་པོ་བྱེད་བཞིན་འདུག་ལ།ནགས་རྩྭ་འདེབས་འཛུགས་དང་དོ་དམ་ཕྱོགས་སུ་ས་གནས་ཀྱི་དབུལ་ཐར་མང་ཚོགས་མང་པོ་ལ་ལས་ཞུགས་ཀྱི་གོ་སྐབས་ཀྱང་ཆེན་པོ་བསྩལ་ཡོད།
གཅན་ཚ་རྫོང་ལ་བསྡོམས་པས་སྡོང་མགོ་ནགས་ར་དང་ལྷོ་རིའི་ནགས་ར།ལོ་བ་ནགས་ར།སྲིན་པོ་ནགས་ར།ཁམས་ར་ནགས་ར་བཅས་ནགས་ར་ཆེན་པོ་ལྔ་ཡོད་ལ།ད་ལོ་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དེ་རྒྱལ་ཁོངས་ལྗང་སྒྱུར་གྱི་ལས་དོན་སྟེང་ནས་ལག་བསྟར་དོན་འཁྱོལ་བྱེད་ཆེད་དུ།རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་བརྒྱད་ཀྱི་སྡེ་བ་ཉེར་བཞི་ལ་སྡེ་གྲོང་ལྗང་སྒྱུར་གྱི་ལས་གཞི་ལག་བསྟར་བྱས་ནས།གཙོ་བོ་ཡུལ་སྐོར་ལྗོངས་རྒྱུ་ཁུལ་གྱི་ལམ་འགྲམ་དང་།རང་བྱུང་རྩྭ་དང་རྩི་ཤིང་གི་སྐྱེ་སྟོབས་ཞན་པའི་ས་ཁུལ་བཅས་གདམ་ནས།ནགས་རྩྭ་འདེབས་འཛུགས་ཀྱི་བྱ་བ་ཡོངས་འགྲུབ་བྱ་རྒྱུ་རེད།གསར་འགོད་པས་ནགས་སྲུང་བ་གུར་མགོན་ལ་བཅར་འདྲི་བྱས་པ་ན།ཁོས་རང་གི་འཚོ་བའི་ཡོང་སྒོ་བཙལ་བའི་ཞོར་དུ་ས་གནས་ལ་ཞབས་འདེགས་ཞུས་ནས།སྡོང་འཛུགས་དང་ནགས་སྲུང་གི་ལས་ཀ་རླབས་པོ་ཆེ་འདི་འདྲ་གཉེར་ཐུབ་པ་ནི་བདེ་སྐྱིད་ཅིག་རེད་བསམ་བཞིན་ཡོད།ནམ་ཞིག་ང་རང་རྒས་ནས་འཆི་བར་གྱུར་ཡང་།ངས་རང་གི་རྔུལ་ཆུ་བཏོན་ནས་བཙུགས་པའི་སྡོང་རྐང་རེ་རེ་ནི།ནམ་ཡང་ཕ་ས་ཕ་ཡུལ་འདིའི་རང་བྱུང་ཁམས་ན་སྐྱེ་སྟོབས་ཀྱིས་གསོན་ཡོད་ངེས་རེད་ཟེར།
གསར་འགོད་པས་ནགས་སྲུང་པ་གུར་མགོན་ལ་བཅར་འདྲི་བྱེད་བཞིན་པ།
གཅན་ཚ་རྫོང་གིས་རྒྱལ་ཁོངས་ལྗང་སྒྱུར་གྱི་ཕྱོགས་ནས་གྲུབ་འབྲས་བླ་མེད་བླངས་ཤིང་། གྲུབ་འབྲས་དེ་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱེད་མགོ་རྩོམ་པའི་ལོ་འདི་ལ།རྨ་ཆུའི་འགྲམ་རྒྱུད་ཧྲིལ་བོ་རི་སྔོ་ཆུ་དྭངས་ཀྱི་ཞིང་བཀོད་ཅིག་ཏུ་བསྒྱུར་ནས། མཛེས་པའི་མཚོ་སྔོན་འཛུགས་སྐྲུན་གྱི་ཕྱོགས་སུ་བྱས་རྗེས་འཇོག་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་འདུག
གསར་འགོད་པ། ལྷ་མོ་ཚེ་རིང་།སྐལ་བཟང་རྣམ་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ཕྱུག་ལོ།
ལྟ་སྐུལ་པ། དབང་གྲགས་ཚེ་རིང་།