བརྗོད་དོན་སློབ་གསོ་སྤེལ་བའི་དམིགས་འབེན་དང་ལས་འགན་ལ་དམ་པོར་དམིགས་དགོས།
2023.04.11 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 56

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པས།

ང་ཚོའི་ཏང་འདི་འདྲ་ཆེན་པོ་ཞིག་གིས་རྒྱལ་ཁབ་འདི་འདྲ་ཆེན་པོ་ཞིག་ལ་འགོ་ཁྲིད་བྱེད་བཞིན་ཡོད་པ་དང་། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་རིགས་བསྐྱར་དར་ཡོང་བར་བྱེད་པའི་དཀའ་ཚེགས་ཆེ་བའི་ལས་འགན་འདི་མངོན་འགྱུར་བྱེད་བཞིན་ཡོད་པས། ངེས་པར་དུ་ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲོས་པ་རྒྱུན་འཁྱོངས་བྱས་ཏེ། བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱེད་དགོས།   ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་སྟེང་།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་འདིའི་བརྗོད་དོན་སློབ་གསོ་སྤེལ་བའི “རྩ་བའི་ལས་འགན་ནི་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་།     ཤེས་དད་སྦྱོར་གསུམ་གཅིག་གྱུར་རྒྱུན་འཁྱོངས་བྱས་ཏེ།    དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་ཕུགས་བསམ་ཇེ་བརྟན་དུ་གཏོང་བ་དང་། ཏང་གཤིས་ལ་ཞུན་བརྡར། ལག་ལེན་ལ་མཛུབ་སྟོན། བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱས་ནས།  ཏང་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་གཅིག་གྱུར་གྱི་བསམ་བློ་དང་།  བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས། མཐུན་སྦྱོར་གྱི་བྱ་སྤྱོད། སྟོབས་དང་ལྡན་པའི་འཐབ་འཛིང་ནུས་ཤུགས་བཅས་རྒྱུན་འཁྱོངས་བྱེད་པ་དང་།  སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་སྐྲུན་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་འཕེལ་བར་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ།  སློབ་སྦྱོང་ལ་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལ་མིག་མཐོང་ལག་ཟིན་གྱི་ཕན་འབྲས་ཐོབ་པར་འབད་བརྩོན་བྱེད་དགོས་པ་དེ་ཡིན”ཞེས་ནན་བཤད་གནང་བར་མ་ཟད།   བྱེ་བྲག་ཏུ་ཕྱོགས་ལྔའི་ཐད་ཀྱི་དམིགས་འབེན་གསལ་བོར་བཏོན་པ་རེད།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ནང་དོན་དེ་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་བཅས་ཀྱི་ཕྱོགས་སོ་སོར་ཁྱབ་ནས་ཚན་རིག་གི་མ་ལག་ཆ་ཚང་ཞིག་གྲུབ་ཡོད།  ང་ཚོས་དགོངས་པ་འདིའི་ནང་དོན་གཙོ་བོ་ཕྱོགས་ཡོངས་དང་རྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱེད་དགོས་ལ།  དགོངས་པ་འདིའི་ཚན་རིག་མ་ལག་སྤྱི་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ་མཉམ་འདྲེས་འབྲེལ་མཐུད་ཀྱང་བྱེད་དགོས།   ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་རང་སྣང་གི་འཇིག་རྟེན་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་སྒྱུར་བཀོད་བྱེད་པའི་བསམ་བློའི་དྲག་ཆས་སྟོབས་ཆེན་ཞིག་ཡིན་པས།  དགོངས་པ་འདིའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་རང་ཉིད་ཀྱི་བསམ་བློའི་མཚོན་ཆ་ཞིག་ཏུ་བསྒྱུར་ནས། ཕྱི་རོལ་ཡུལ་གྱི་འཇིག་རྟེན་སྒྱུར་བཀོད་དང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དུས་རབས་ལ་ལྟ་ཞིབ་དང་དུས་རབས་ཁོང་དུ་ཆུད་པ། དུས་རབས་ཀྱི་སྣེ་ཁྲིད་བཅས་བྱས་ཚེ། གཞི་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཏང་འཛུགས་སྐྲུན་ཁྲོད་གནས་པའི་འགལ་བ་དང་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་ཐུབ་པ་དང་། འབད་བརྩོན་སྒོས་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་གསར་གཏོད་བྱེད་ཐུབ།  བརྗོད་དོན་སློབ་གསོ་སྤེལ་བའི་རྩ་བའི་དམིགས་འབེན་ལ་དམ་པོར་དམིགས་ནས།    བློ་སྒྲིལ་སེམས་སྐྱེད་ལ་བརྟེན་ནས་རྩ་བ་ཇེ་བརྟན་དུ་གཏོང་བ་དང་། གཤིས་རྒྱུད་ཞུན་བརྡར་ལ་བརྟེན་ནས་ལྷག་བསམ་འཕེལ་བར་བྱེད་པ།  དངོས་སྒྲུབ་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམིགས་ཡུལ་ལག་བསྟར་བྱས་ནས་དམངས་ལ་བདེ་སྐྱིད་བསྐྲུན་པ། སྤྱོད་གཙང་གཞུང་བཀུར་ལ་བརྟེན་ནས་སྲོལ་གསར་གཏོད་པ་བཅས་ཀྱི་དམིགས་འབེན་དངོས་སུ་གྲུབ་པར་བྱས་ཏེ།  རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། ཆབ་སྲིད་ཀྱི་བྱང་ཚད། འཇོན་ཐང་གི་ནུས་པ། འགན་འཁྲི་འཁུར་སེམས།  བྱ་བའི་སྤྱོད་ཚུལ།  སྤྱོད་གཙང་རང་གཅུན་སོགས་ཕྱོགས་དྲུག་ཐད་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཚེ།  གཞི་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་རྒྱུན་ཆད་མེད་པར་ཁྲིད་སྟོན་བྱེད་ཐུབ་པ་དང་། བརྗོད་དོན་སློབ་གསོར་ཕན་འབྲས་དངོས་ཐོབ་པར་སྐུལ་འདེད་གཏོང་ཐུབ།

ཕུགས་བསམ་དད་སེམས་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་ཀ་རྟེན་དང་ཆབ་སྲིད་ཀྱི་བླ་སྲོག་ཡིན་ལ། ཏང་གི་མཐུན་སྒྲིལ་གཅིག་གྱུར་རྒྱུན་འཁྱོངས་བྱེད་པའི་བསམ་བློའི་རྨང་གཞི་ཡང་ཡིན།   བློ་སྒྲིལ་སེམས་སྐྱེད་ལ་བརྟེན་ནས་རྩ་བ་ཇེ་བརྟན་དུ་གཏོང་བར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་ཕྱོགས་ཡོངས་དང་།  བརྒྱུད་རིམ་ལྡན་པ།   གཏིང་ཟབ་པ་བཅས་ཀྱི་སྒོ་ནས་སློབ་སྦྱོང་བྱས་ཏེ། དགོངས་པ་འདིའི་ནང་དོན་གཙོ་བོ་ཡང་དག་པས་ཁོང་དུ་ཆུད་པ་དང་།  དགོངས་པ་འདིའི་འཇིག་རྟེན་ལྟ་བ་དང་། བརྟག་ཐབས་སྨྲ་བ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། དགོངས་པ་འདིའི་གནས་ལུགས་དང་ཚན་རིག་རིགས་པ།  མཚན་ཉིད་རིགས་པ་བཅས་ལ་གོ་བ་གཏིང་ཟབ་ལེན་པ་བཅས་བྱས་ཏེ།  ཏང་ཡོན་དང་ལས་བྱེད་པས་དངོས་གནས་སློབ་སྦྱོང་དང་དངོས་གནས་རྟོགས་པ།  དངོས་གནས་ཡིད་ཆེས།  དངོས་གནས་བེད་སྤྱོད་བཅས་བྱེད་པར་སྐུལ་འདེད་གཏོང་བ་དང་།     སློབ་སྦྱོང་གཏིང་ཟབ་བྱེད་པ་དང་ཏན་ཏིག་བྱེད་པ།   སེམས་ལ་ཟུག་པ་བཅས་བྱེད་པར་སྐུལ་འདེད་གཏོང་དགོས།  རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་བསམ་བློའི་སྦྱོང་བརྡར་དང་བསམ་བློའི་ཞུན་བརྡར་ཐེབས་པར་བྱེད་པ་དང་།  མར་ཁེ་སིའི་རིང་ལུགས་ལ་འཛིན་པའི་དད་མོས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་འཛིན་པའི་དད་སེམས།  ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འཛིན་པའི་ཡིད་ཆེས་བཅས་ཇེ་བརྟན་དུ་གཏོང་བ། ཏང་འཛུགས་སྐྲུན་གྱི་རླབས་ཆེན་སྙིང་སྟོབས་དར་སྤེལ་བྱེད་པ། ངེས་པར་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་བ།  ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་བརྩོན་བྱེད་པ། ངེས་པར་དུ་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བྱེད་པ། དད་སེམས་ཀྱི་རྨང་གཞི་བརྟན་པོ་འཛུགས་པ་དང་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་བ། བསམ་བློའི་ཁ་ཕྱོགས་བརྟན་པོ་འཛིན་པ་བཅས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།

ཏང་ལ་བློ་དཀར་སེམས་དཀར་བྱ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་གཤིས་རྒྱུད་གཙོ་བོ་ཡིན། གཤིས་རྒྱུད་ཞུན་བརྡར་བྱས་ནས་བློ་དཀར་སེམས་དཀར་བྱེད་ཤུགས་ཆེ་རུ་གཏོང་དགོས་ན། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་སྟེ།   སྲོག་ཤིང་ལ་བློ་དཀར་བ་དང་།  སྲོག་ཤིང་ལ་གོང་བཀུར། སྲོག་ཤིང་ལ་སྲུང་སྐྱོང་བཅས་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་བཏང་ནས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།   རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཆབ་སྲིད་ཀྱི་གཤིས་རྒྱུད་ཞུན་བརྡར་བྱེད་པ་དང་།  ཏང་གི་དར་ཆས་དར་ཆར་བྱེད་པ་དང་། ཏང་གི་འདོད་བློས་འདོད་བློ་བྱེད་པ།  ཏང་གི་འགན་འཁྲིས་འགན་འཁྲི་བྱེད་པ་བཅས་བྱས་ནས། ཐོག་མཐའ་བར་གསུམ་དུ་ཏང་ལ་བློ་དཀར་བ་དང་། མི་དམངས་ལ་བློ་དཀར་བ། མར་ཁེ་སིའི་རིང་ལུགས་ལ་བློ་དཀར་བ།  ལྷག་བསམ་རྣམ་དག་གིས་ཏང་ལ་དགའ་ཞེན་དང་དུས་དང་རྣམ་པ་ཀུན་ཏུ་ཏང་ལ་སེམས་ཁུར།  བློ་བརྟན་འགྱུར་མེད་ཀྱིས་ཏང་ལ་སྲུང་སྐྱོབ། ནུས་ཤུགས་ཡོད་རྒུས་ཏང་དར་རྒྱས་གཏོང་བ་བཅས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།

འབད་འཐབ་བྱས་ནས་ལོ་རྒྱུས་གསར་གཏོད་དང་དངོས་སྒྲུབ་བྱས་ནས་མ་འོངས་བ་གསར་གཏོད་བྱེད་དགོས།  འགན་འཁྲི་འཁུར་ཕོད་པ་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ན། ལག་ལེན་གྱི་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱས་ནས་ཡང་དག་པའི་དབང་ཆའི་ལྟ་བ་དང་། སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ།  ལས་དོན་གྱི་ལྟ་བ་བཅས་བརྟན་པོར་འཛུགས་པ་དང་། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་། ཉེན་ཁ་འགོག་ཟོན་དང་ཐག་གཅོད་བྱེད་པའི་འཇོན་ཐང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། འཐབ་རྩོད་བྱེད་ཕོད་པ་དང་འགན་འཁྲི་འཁུར་ཕོད་པ་བྱེད་དགོས།   རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས“རྒྱལ་ཁབ་ཀྱི་དོན་ཆེན”ཡིད་ལ་བཅངས་བ་དང་།  དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་པ།  དངོས་འཛིན་དངོས་སྒྲུབ་དང་དངོས་ཕན་དོན་གཉེར།  གནད་དོན་ལ་དམིགས་པ།  དཀའ་ངལ་ཤེས་བཞིན་དུ་མདུན་སྐྱོད།  དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི་འགན་འཁྲིའི་བསམ་པ་དང་འགན་འཁྲི་འཁུར་སེམས་ཀྱི་སྙིང་སྟོབས་བཅས་ལ་བརྟེན་ནས། ཏང་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་ཡག་པོ་སྒྲུབ་པ་དང་། རྣམ་པ་གསར་པ་དང་བྱས་རྗེས་གསར་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་སྟེ། ཞུམ་མེད་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།

མི་དམངས་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ཐག་གཅོད་བྱེད་མཁན་གྱི་རྩ་བའི་སྟོབས་ཤུགས་ཡིན། དམིགས་ཡུལ་ལག་བསྟར་བྱས་ནས་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ན།  མི་དམངས་གོང་དུ་བཀུར་བ་རྒྱུན་འཁྱོངས་དང་། དམངས་ལ་དོན་དངོས་བསྒྲུབ་པ་ནང་དོན་གལ་ཆེན་དུ་བརྩི་བ།  མང་ཚོགས་ཡིད་ཚིམ་མིན་དེ་གཞི་རྩའི་ཤན་འབྱེད་གྱི་ཚད་གཞིར་འཛིན་པ།  མི་དམངས་མང་ཚོགས་ཀྱི་སེམས་ཁུར་ཆེ་ཤོས་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་ཤོས། མི་དམངས་མང་ཚོགས་ཀྱི་ཁེ་ཕན་དངོས་དང་འབྲེལ་བ་ཆེ་ཤོས་བཅས་ཀྱི་གནད་དོན་དམ་འཛིན་བྱས་ནས།  དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་ལས་དྲང་གཞག་ཐོག་ནས་དམངས་ཡོངས་ལ་ཕན་པ་ཐོབ་པར་བྱེད་དགོས།   རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་།  ཡོད་ཚད་དམངས་ཆེད་དུ་ཡིན་པ་དང་། ཡོད་ཚད་དམངས་ལ་བརྟེན་པ་རྒྱུན་འཁྱོངས།  རང་རྟོགས་ངང་ཐབས་ཇུས་དམངས་ལ་འདྲི་བ་དང་དགོས་མཁོ་དམངས་ལ་འདྲི་བ། ཐོག་མཐའ་བར་གསུམ་དུ་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་།  བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ། མི་དམངས་མང་ཚོགས་ཀྱི་དཀའ་ཉེན་དང་རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པར་ཤུགས་སྣོན།  དམངས་ཚིས་ལ་ཕན་པ་དང་། དམངས་སེམས་ལ་དྲོ་སྐྱིད་སྦྱིན་པ། དམངས་ཀྱི་འདོད་བློ་དང་བསྟུན་པ་བཅས་ཀྱི་ལས་དོན་མང་ཚོགས་ཀྱི་སེམས་ལ་ཟུག་པ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་བར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།

ཏང་སྲོལ་གྱི་གནད་དོན་ནི་སྲིད་སྐྱོང་ཏང་གི་ཤི་གསོན་ཆགས་འཇིག་དང་འབྲེལ་བ་ཡོད་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པ་ནི་རང་ངོས་གསར་བརྗེ་ཆེས་མཐར་ཕྱིན་པ་ཞིག་ཡིན།   སྤྱོད་གཙང་གཞུང་བཀུར་ལ་བརྟེན་ནས་སྲོལ་གསར་གཏོད་དགོས་ན། ཏང་གཤིས་ལ་བརྟེན་ནས་ལས་དོན་སྒྲུབ་པ་དང་།   “ནན་གསུམ་རྣལ་གསུམ”ལག་བསྟར་བྱེད་པ།  ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱེད་པ།  དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་སྣང་ཚུལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས། བདེན་འཚོལ་དངོས་སྒྲུབ་དང་མཐུན་སྒྲིལ་འབད་འཐབ་བྱེད་པའི་དུས་རབས་ཀྱི་སྲོལ་གསར་གཏོད་དགོས།  རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་ལམ་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་།  “སྤྱོད་ཚུལ་བཞི”ཡི་གནད་དོན་ཡོ་བསྲང་བྱེད་པ།  ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་བྱེད་པ་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་འཇོག་པ། དྲང་གཞག་གིས་དབང་ཆ་སྤྱོད་པ་དང་། ཁྲིམས་ལྟར་དབང་ཆ་སྤྱོད་པ། དམངས་ཆེད་དུ་དབང་ཆ་སྤྱོད་པ། སྤྱོད་གཙང་གིས་དབང་ཆ་སྤྱོད་པ་བཅས་བྱས་ཏེ།  བློ་མཐུན་བར་གྱི་འབྲེལ་བ་གཙང་མ་གཙང་རྐྱང་དང་། ཡ་རབས་ཚུལ་ལྡན་གྱི་གོང་འོག་བར་གྱི་འབྲེལ་བ།  ཉེ་གཙང་གཅིག་གྱུར་གྱི་སྲིད་གཞུང་དང་ཚོང་པའི་བར་གྱི་འབྲེལ་བ་གསར་པ་བཅས་ཆགས་པར་སྐུལ་འདེད་བཏང་ནས། ཆབ་སྲིད་ཀྱི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོའི་སྣེ་ཁྲིད་པ་དང་སྲོལ་གཏོད་པ།  སྲུང་སྐྱོང་པ་བཅས་ཡག་པོ་ཞིག་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།

ད་ལྟ་ནས་དུས་རབས་འདིའི་དུས་དཀྱིལ་བར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་ནི། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་ལྟེ་བའི་ལས་འགན་ཡིན།  ཐེངས་འདིའི་བརྗོད་དོན་སློབ་གསོ་གོ་སྐབས་སུ་བཟུང་སྟེ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་སྟོན།  བྱ་བར་སྐུལ་འདེད་བཅས་བྱེད་པ་དང་།  འབད་བརྩོན་གྱིས་སྐྱོད་ལམ་གསར་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་བརྗིད་ཆེའི་སྟོབས་ཤུགས་གཅིག་སྒྲིལ་དང་། སྙིང་སྟོབས་ཆེར་སྐྱེད། ཞུམ་མེད་མདུན་སྐྱོད། མཐུན་སྒྲིལ་འབད་འཐབ་བཅས་བྱས་ཚེ། ང་ཚོས་ངེས་པར་དུ་རྒྱལ་ཁའི་ངང་རྒྱལ་ཁབ་སྟོབས་ལྡན་དང་མི་རིགས་བསྐྱར་དར་ཡོང་བའི་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་ཐུབ་ངེས་ཡིན།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།