རྒྱལ་ཡོངས་ཀྱི་ས་ཆ་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ།
2023.04.26 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 138

རྒྱལ་ཡོངས་ཀྱི་ས་ཆ་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས། དགོངས་པ་སློབ་པ་དང་ཏང་གཤིས་བསྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱ་དམ་དུ་བཟུང་ཞིང་། དམིགས་འབེན་ལས་འགན་ལ་དམ་དུ་དམིགས་པ་དང་། གནད་དོན་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱེད་པ། དོན་དངོས་གྲུབ་འབྲས་གཙིགས་སུ་འཛིན་པ་བཅས་བྱས་ཏེ། བརྗོད་དོན་སློབ་གསོ་ནུས་པ་ལྡན་ཞིང་ཏན་ཏིག་གིས་སྤེལ་བར་སྐུལ་འདེད་བཏང་།

ཞིན་ཅང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་མགོ་བརྩམས་རྗེས། ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ་མ་རྩོམ་ཀློག་པ་དང་མ་ཡིག་སྦྱོང་བ། རྩ་བའི་རིགས་པ་རྟོགས་པར་བྱེད་པ་བཅས་བྱས་ལ། ཐུན་མོང་སློབ་སྦྱོང་དང་བརྗེ་རེས་བགྲོ་གླེང་། རང་སྦྱོང་སོགས་ཀྱི་ཐབས་ལམ་སྤྱད་དེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་གི་མ་ལག་དང་དགོངས་པའི་སྙིང་བོ། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་ཟབ་མོ་བླངས། དེ་དང་མཉམ་དུ་དོན་དངོས་དང་སྦྲེལ་ནས། བརྟག་དཔྱད་ཞིབ་འཇུག་བྱ་གཞི་ཉི་ཤུ་གཏན་ཁེལ་གསལ་བོ་བྱས་ཏེ། བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་གནད་དོན་ཐག་གཅོད་པ་དང་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་ཕན་འབྲས་དངོས་སུ་བསྒྱུར་བར་འབད་བརྩོན་བྱས།

ཀོང་ཞི་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་བསྡུས་ལ། ལྗོངས་ཡོངས་ནས་བློ་མཐུན་བརྒྱ་དང་བཅུ་གསུམ་སྐོང་འཐེན་བྱས་ཏེ་སྐོར་སྐྱོད་མཛུབ་སྟོན་ཚན་ཁག་བཅུ་དྲུག་བཙུགས་པ་དེ་དག་བརྗོད་དོན་སློབ་གསོ་སྤེལ་བའི་སྐོར་ཁག་དང་པོའི་སྡེ་ཁག་དང་ལས་ཁུངས་ལ་ལྟ་སྐུལ་མཛུབ་སྟོན་བྱེད་དུ་མངགས་པ་དང་། གནད་དོན་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱས་ཏེ། དངོས་སྒྲུབ་དང་ལག་ལེན། ཕན་འབྲས་བཅས་གཙིགས་སུ་བཟུང་།

ཧྲན་ཏུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་ཟབ་མོར་སྤེལ། མྱུར་དུ་ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོའི་ཚོགས་ཆེན་བསྡུས་པ་དང་། བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་བསྒྲུབས་ལ། གཅིག་བསྡུས་སློབ་སྦྱོང་བགྲོ་གླེང་བྱས། དེ་དང་མཉམ་དུ་བརྗོད་དོན་སློབ་གསོ་སྤེལ་བའི་སྐོར་དང་པོའི་ལས་ཁུངས་བརྒྱ་དང་ང་བརྒྱད་ལ་སྐོར་ཞིབ་མཛུབ་སྟོན་ཚན་ཁག་ཉེར་ལྔ་མངགས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་རྟོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཀོལ་ཏེ་བྱ་བ་སྣ་ཚོགས་ལ་མཛུབ་སྟོན་བྱེད་པར་སྣེ་ཁྲིད་བྱས།

ཧྲན་ཞིས་ཐབས་ལམ་སྣ་ཚོགས་སྤྱད་དེ་གཞུང་ལུགས་སློབ་སྦྱོང་བྱས་པ་དང་བརྟག་དཔྱད་ཞིབ་འཇུག་ཟབ་མོར་སྤེལ་ལ། འགན་འཁྲིའི་གསལ་ཁྲ་གསལ་བོར་བཟོས་ཏེ། ཏང་ཡོན་ལས་བྱེད་པས་བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་ཕུགས་བསམ་ཇེ་བརྟན་དུ་གཏོང་བ་དང་། ཏང་གཤིས་སྦྱོང་བརྡར་བྱེད་པ། ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོར་བསྒྱུར་བར་ཁྲིད་སྟོན་བྱས།

ཧེ་ལུང་ཅང་གིས་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག བྱ་བར་སྐུལ་འདེད། ཞིབ་བཤེར་དག་བཅོས་བཅས་ཟུང་སྦྲེལ་བྱས་ཏེ་གཞི་གཅིག་ཏུ་སྤེལ། མྱུར་དུ་བརྗོད་དོན་སློབ་གསོ་སྤེལ་བའི་དུས་ཚོད་བཀོད་སྒྲིག་བྱས་ནས། སློབ་སྦྱོང་བྱེད་ཞོར་དུ་དཔེ་སྡུར་བྱེད་ཞོར་དང་། ཞིབ་བཤེར་བྱེད་ཞོར། དག་བཅོས་བྱེད་ཞོར་བཅས་བྱས་ཏེ། བརྗོད་དོན་སློབ་གསོ་ཟབ་མོར་སྤེལ།

ཡུན་ནན་གྱིས་བརྗོད་དོན་སློབ་གསོ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་དམ་འཛིན་ལེགས་འཛིན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གིས་སྣེ་ཁྲིད་ནས་སློབ་སྦྱོང་བྱས་ཏེ་དགོངས་དོན་གྱི་ངོ་བོར་གོ་བ་ཟབ་མོ་བླངས་པར་མ་ཟད། སྐོར་སྐྱོད་མཛུབ་སྟོན་ཚན་ཁག་ཉེར་གསུམ་མངགས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དོན་དངོས་དང་སྦྲེལ་ནས་སློབ་སྦྱོང་བྱེད་པ་དང་། འཕེལ་རྒྱས་ཀྱི་ཞན་ཆར་ཞིབ་བཤེར་བྱེད་པ། གནད་དོན་ཡུལ་དངོས་ནས་ཐག་གཅོད་པ། བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཡུལ་དངོས་ནས་ཞིབ་བཤེར་བྱེད་པར་རྩ་འཛུགས་ཞིབ་མོ་བྱས།