“དེང་གི་བཅོས་སྒྱུར”དང“ཡུན་རིང་འཛུགས་སྐྲུན”ཟུང་འབྲེལ་བྱེད་དགོས།
2023.05.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 51

ཞིན་ཧྭ་གསར་འགྱུར་ཁང་གིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་ཅིས་ཀྱང“དེང་གི་བཅོས་སྒྱུར”དང“ཡུན་རིང་འཛུགས་སྐྲུན”ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཞེས་པའི་དུས་དོན་དཔྱད་བརྗོད་སྤེལ་བ་དང་། དཔྱད་བརྗོད་ལས་འདི་ལྟར་བསྟན་ཡོད།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་ཅིས་ཀྱང“དེང་གི་བཅོས་སྒྱུར”དང“ཡུན་རིང་འཛུགས་སྐྲུན”ཟུང་འབྲེལ་རྒྱུན་འཁྱོངས་བྱས་ནས། གནད་དོན་ཐག་གཅོད་བྱེད་ཞོར་དུ་སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་དང་། ཉམས་སྣང་གསར་པ་དང་བྱེད་ཕྱོགས་གསར་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་བརྩོན་ལེན་བྱས་ཏེ། བརྗོད་དོན་སློབ་གསོ་སྤེལ་བའི་ཁྲོད་དུ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བྱེད་ཐབས་བཟང་པོ་དང་ཉམས་མྱོང་བཟང་པོ་དུས་ཐོག་ཏུ་ལམ་ལུགས་ཀྱི་རྣམ་པའི་ངོས་ནས་གཏན་འཁེལ་བྱེད་དགོས། དུས་མཚུངས་སུ། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བའི་ཡུན་ཕན་ལམ་སྲོལ་འཛུགས་རྒྱུ་དང་། ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་ལམ་ལུགས་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་སྟེ། རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་ཁག་ཐེག་བྱེད་དགོས།

གནད་དོན་ལ་ཐད་ཀར་གདོང་གཏོད་ཕོད་པ་དང་ནོར་འཁྲུལ་ཡོ་བསྲང་བྱེད་ཕོད་པ་ནི་ང་ཚོ་ཏང་གི་ཁྱད་ཆོས་མངོན་གསལ་ཅན་ཞིག་དང་དགེ་མཚན་ཞིག་ཡིན། བརྗོད་དོན་སློབ་གསོ་ཡིས་གནད་དོན་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གནད་དོན་ལ་དམིགས་ནས་སློབ་སྦྱོང་བྱེད་པ་དང་གནད་དོན་ཐད་ཀར་དུ་འཚོལ་བ། གནད་དོན་ལ་དམིགས་ནས་དག་ཐེར་བཅས་བྱེད་དགོས་ལ། གནད་དོན་ངོ་མ་ཐག་གཅོད་བྱེད་པ་དང་གནད་དོན་ཐག་གཅོད་ཡང་དག་བྱེད་པ། ཞིབ་དཔྱོད་དང་དག་ཐེར་ཡོ་བསྲང་དང་སྒྲིག་སྲོལ་དང་ལམ་ལུགས་གསར་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སློབ་སྦྱོང་བྱེད་ཞོར་དུ་བགྲོ་གླེང་བྱེད་པ་དང་བགྲོ་གླེང་བྱེད་ཞོར་དུ་དག་ཐེར་ཡོ་བསྲང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གནད་དོན་དག་ཐེར་ཡོ་བསྲང་བྱ་རྒྱུ་དེས་བརྗོད་དོན་སློབ་གསོ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ། མི་དམངས་མང་ཚོགས་ལ་གནད་དོན་ཐག་གཅོད་བྱེད་པའི་ཕན་འབྲས་དངོས་མྱོང་དུ་འཇུག་དགོས། དགོས་གལ་ཆེ་སར་རང་ངོས་གསར་བརྗེ་ཡི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། རིགས་དབྱེ་དག་ཐེར་དང་གཅིག་བསྡུས་བཅོས་སྐྱོང་ཟུང་འབྲེལ་རྒྱུན་འཁྱོངས་བྱེད་པ། མི་འདང་བའི་ཆ་ཞིབ་བཤེར་གསལ་སྟོན་གཏིང་ཟབ་བྱེད་པ། གནད་དོན་གསལ་ཐོར་འགོད་པ། གནད་དོན་མངོན་གསལ་ཅན་དག་ཐེར་བཅོས་སྐྱོང་དམ་འཛིན་བཅས་བྱས་ཏེ། ཕན་འབྲས་དངོས་ཐོན་པར་འགན་ལེན་ཏན་ཏིག་བྱེད་དགོས།

བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་ཅིས་ཀྱང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལ་ཚད་སྡུར་ལྟ་ཞིབ་བྱས་ཏེ། ཤེས་རྟོགས་བྱུང་བའི་གནད་དོན་དང་འཕེལ་རྒྱས་ལ་འཕྲད་པའི་གནད་དོན། མང་ཚོགས་བསམ་འཆར་ཆེ་བའི་གནད་དོན་བཅས་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་དང་བརྟག་ཞིབ་བྱས་ནས། སྐོར་ཞིབ་དང་རྩིས་བཤེར་ལྟ་སྐུལ་ལས་ཤེས་རྟོགས་བྱུང་བའི་གནད་དོན་དང་ཟུང་འབྲེལ་བྱས་ཏེ། དོན་ཚན་རེ་རེ་བཞིན་གནད་དོན་གྱི་གསལ་ཐོ་འགོད་དགོས། སློབ་སྦྱོང་དང་ཞིབ་བཤེར། ཡོ་བསྲང་བཅས་ཟུང་འབྲེལ་དམ་ཚགས་ཡོང་བར་སྐུལ་འདེད་གཏོང་བ་དང་། རང་ངོས་ཀྱི་མི་འདང་ས་དང་བྱ་བའི་ནོར་འཁྲུལ་ཁྱོན་ཡོངས་ནས་འཚོལ་ཞིབ་བྱེད་པ། སྐྱོན་གྱི་མགོ་འབུར་ཙམ་ནས་ཡོ་བསྲང་བྱེད་པ། ཡོ་བསྲང་བྱེད་ཐུབ་ངེས་ཀྱི་རིགས་འཕྲལ་མར་ལེགས་བཅོས་བྱེད་པ། གནས་སྐབས་ཐག་གཅོད་མི་ཐུབ་པའི་རིགས་ལ་བྱེད་ཐབས་ཞིབ་ཕྲ་དང་དག་ཐེར་ཡོ་བསྲང་གི་དུས་ཚད། འགན་འཁྲི་ལས་བགོས་བཅས་ཁ་གསལ་བཟོས་ཏེ། དག་ཐེར་ཡོ་བསྲང་གནད་ཁེལ་ཡོང་བར་འགན་ལེན་ནན་མོ་བྱེད་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོ་བཅས་ཀྱིས་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པ་དང་ཡུན་རིང་ཐག་གཅོད་བྱས་མེད་པའི་གནད་དོན་མངོན་གསལ་ཅན་འགའ་ཞིག་གཏན་འཁེལ་བྱས་ནས་ཆེད་དམིགས་དག་ཐེར་བཅོས་སྐྱོང་གི་ཇུས་གཞི་བཟོས་ཏེ། རྩིས་ཐོ་ལྟར་དོ་དམ་དང་ལས་གཞི་ཅན་གྱི་བྱེད་ཐབས་སྤྱད་དེ་གཅིག་སྡུད་སྒོས་བཅོས་སྐྱོང་བྱེད་དགོས། ཕན་འབྲས་དངོས་བརྩོན་ལེན་བྱས་ཏེ། ལྷོད་གཡེང་དང་ཡང་ལས་ཡང་འགྲོ། བདེན་དོར་རྫུན་གཉེར་བཅས་ཀྱི་སྣང་ཚུལ་སྔོན་འགོག་བྱེད་པ། ཕྱི་ཚུལ་ཙམ་གཉེར་བ་དང་གྲངས་ཀ་དག་ཐེར་དང་ཐ་ན་མི་བདེན་རྫུན་སྒྲིག་བྱེད་པའི་གནད་དོན་ཅི་རིགས་སྔོན་འགོག་བྱས་ནས། “དེང་གི་བཅོས་སྒྱུར”དང“ཡུན་རིང་འཛུགས་སྐྲུན”ཟུང་འབྲེལ་བྱས་ཏེ། ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་སྒྲིག་སྲོལ་དང་ལམ་ལུགས་འཛུགས་པའི་ལས་དོན་ཡག་པོར་བསྒྲུབ་ནས། གནད་དོན་ཡང་བསྐྱར་མི་འབྱུང་བར་བྱེད་དགོས།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་བརྗོད་དོན་སློབ་གསོའི་ཤུགས་སྣོན་ས་གལ་ཆེན་ཞིག་ཡིན། “དེང་གི་བཅོས་སྒྱུར”དང“ཡུན་རིང་འཛུགས་སྐྲུན”གཉིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ངོས་ནས་བཤད་ན། གཅིག་གྱུར་དམ་ཟབ་བྱས་ཏེ་ཕན་འབྲས་གསར་པ་ཐོབ་ཡོད། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་བརྒྱུད། ཏང་ཀྲུང་དབྱང་གི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་སྐྲུན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། དོན་དངོས་དང་ཟུང་འབྲེལ་བྱས་ནས་ཞིབ་ཕྲའི་བྱེད་ཐབས་འདོན་དགོས། ཏང་ཡོན་དང་ལས་བྱེད་པས་རྒྱུན་གོམས་སུ་གྱུར་བའི་བསམ་གཞིག་གི་རྣམ་པ་གཏོར་ནས་བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་གཏོང་རྒྱུར་ཁྲིད་སྟོན་གང་ལེགས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་དང་ཚོད་འཛིན་བཟོ་བའི་གནད་དོན་གྱི་ཞན་ཆ་དང་དེའི་འབྱུང་རྩ་གསལ་པོར་བཟོས་ནས། “གནད་དོན་དངོས་ཐག་གཅོད”བྱེད་དགོས། དོན་དངོས་སྒྲུབ་པ་དང་དམངས་ཀྱི་དཀའ་ངལ་སེལ་བར་སྐུལ་འདེད་བཏང་སྟེ། “དམངས་ཀྱི་འབོད་སྐུལ་དང་ལེན་བྱེད་པ”དང“ཞུ་གཏུག་དང་ལེན་བྱས་ནས་འཕྲལ་མར་སྒྲུབ་པ”སོགས་ཀྱི་ལས་སྒོ་འབད་པས་བསྒྲུབ་ནས། དམངས་ཚིས་ཁྱབ་ཁོངས་ཀྱི་གནད་དོན་མངོན་གསལ་ཅན་ཤུགས་ཆེན་པོས་ཐག་གཅོད་བྱེད་དགོས། ཏང་ཡོན་དང་ལས་བྱེད་པས་དབང་ཆའི་ལྟ་བ་དང་སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ། བྱ་གཞག་གི་ལྟ་བ་བཅས་ཡང་དག་འཛུགས་པར་སྐུལ་འདེད་གཏོང་བ་དང་། “གྲུབ་འབྲས་ང་ལ་ཐོབ་མི་དགོས་ནའང་གྲུབ་འབྲས་ཐོབ་པའི་ཁྲོད་དུ་ང་ཡོད”ཅེས་པའི་སྙིང་སྟོབས་དར་སྤེལ་གཏོང་བ། འཆར་གཞི་གཅིག་གྱུར་མཐར་ཕྱིན་པ་བཟོས་ནས། ལས་དོན་གཅིག་རྗེས་གཉིས་མཐུད་ཀྱིས་བསྒྲུབ་སྟེ། སྐབས་བརྗེས་ཀྱི་རྗེས་ནས་ཐོན་སླ་བའི་ཚད་ལས་བརྒལ་བའི་སྲིད་འབྲས་དོན་གཉེར་དང་རྨོངས་ཚོད་ཀྱིས་ལས་དོན་གཉེར་བ་སོགས་ཀྱི་སྣང་ཚུལ་སྔོན་འགོག་བྱེད་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།