སྙན་སྒྲོན་པ། ཉན་མཁན་རྣམ་པ། ཐེངས་འདིའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གྱི་ཕྲེང་སྟར་གསར་འགྱུར། དུས་རབས་གསར་བ། སྐྱོད་ལམ་གསར་བ། བྱ་གཞག་གསར་བ་ཞེས་པའི་ལེ་ཚན་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་དང་རིག་འཛིན་སྒྲོལ་མ་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་ཆེད་སྒྲིག་ལེ་ཚན་ཏེ། ཁ་ཡིག་ལ་ཉིན་པ་སྡེ་བའི་དམངས་སྲོལ་རིག་གནས་རྒྱུན་འཛིན་ཞེས་པར་ཉན་རོགས་གནོངས།
སྙན་སྒྲོན་པ།ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས། རིག་གནས་ཀྱི་རང་རྟོན་རང་ཚུགས་ལ་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ལ་འོད་སྣང་གསར་པ་བསྐྲུན་དགོས། ང་ཚོས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པ། མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་པའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་བ། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་ཀྱི་རིག་གནས་ཀྱི་མཉེན་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་བསྟན་ཡོད་པ་ནང་བཞིན། དམངས་སྲོལ་རིག་གནས་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་ཀྲུང་ཧྭའི་དཔལ་ཡོན་རྒྱུན་འཛིན་བྱེད་པའི་གསོན་ཉམས་ལྡན་པའི་དཔང་པོ་ཡིན། དམངས་སྲོལ་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན།བེད་སྤྱོད་ཡག་པོ་བཅས་བྱ་རྒྱུ་དེ་ལོ་རྒྱུས་ཀྱི་རིག་གནས་འབྲེལ་བ་རྒྱུན་མཐུད་དང་རིག་གནས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ།དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་བྱེད་པ།སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་པས། ཏང་དང་སྲིད་གཞུང་གིས་དམངས་སྲོལ་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པའི་ཐད་ལ་སྔར་ལས་རྒྱུད་རིམ་ལྡན་ཞིང་ཚད་གཞི་མཐོ་བའི་བླང་བྱ་གལ་ཆེན་བཏོན་ཡོད། བླང་བྱ་གལ་ཆེན་དེ་དོན་འཁྱོལ་བྱ་ཕྱིར་ཞུན་ཧྭ་རྫོང་ཏང་ཨུ་དང་སྲིད་གཞུང་། རྡོ་སྦིས་བོད་རིགས་ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་བཅས་ཀྱིས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་རྫོང་མཐུག་པའི་ས་གནས་སྡེ་བ་དག་གི་ལོ་རྒྱུས་ཀྱི་རྒྱུན་རིང་བའི་དམངས་སྲོལ་རིག་གནས་དེ་དག་མྱུར་སྐྱོབ་དང་དར་སྤེལ་བྱེད་པར་འབད་འཐབ་ཆེན་པོ་བྱེད་བཞིན་འདུག དེའི་སྐོར་ནས་རྡོ་སྦིས་ཡུལ་ཚོའི་ཏང་ཀྲུ་པུའུ་ཡི་རྩ་འཛུགས་ཨུ་ཡོན་ནོར་བུ་སྒྲོལ་མས་བཤད་རྒྱུར།
ད་སྐབས་ཡིན་ན་ང་ཚོ་རྡོ་སྦིས་ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་གིས་ཏང་གི་ཚོགས་ཆེན་ཐེངས་ཉིན་ཤུ་པའི་དགོངས་དོན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྡེ་བ་སོ་སོར་སྒྲོག་འགྲེལ་བྱེད་བཞིན་ཡོད། རྡོ་སྦིས་ཡུལ་ཚོར་སྡེ་བ་ཉེར་བདུན་ཡོད་ལ་སྡེ་བ་སོ་སོར་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ལྡན་ཐོན་ལས་ཡོད། ཉིན་པ་སྡེ་བར་མཚོན་ན་ཉིན་པའི་རྡོ་བཟོ་དང་ཉིན་པའི་ལྷ་རྩེད་སོགས་ཡོད། ཉིན་པའི་ལྷ་རྩེད་ལྟ་བུར་མཚོན་ན་རྒྱལ་ཁབ་རིམ་པའི་རིག་གནས་ཤུལ་བཞག་གི་གྲས་སུ་སོང་ཡོད། ཉིན་པ་སྡེ་བའི་སྡེ་མི་ཨ་ཁུ་རྡོ་རྗེ་ཚེ་རིང་ལ་མཚོན་ན་ལྷ་རྔ་རྡུང་བཟོ་བྱེད་པའི་རྒྱལ་ཁབ་རིམ་པའི་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་གྲས་སུ་ཚུད་ཡོད་ནི་རེད། ད་ལྟ་ང་ཚོའི་ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་གིས་ས་གནས་ཀྱི་རིག་གནས་དང་ཐོན་ལས་སྔོག་འདོན་དང་སྲུང་སྐྱོབ། འཕེལ་རྒྱས་གཏོང་བ་བཅས་ཀྱི་ཕྱོགས་ལ་ནུས་པ་ཆེན་པོ་འདོན་བཞིན་ཡོད།
སྙན་སྒྲོན་པ། ཉིན་པ་སྡེ་བའི་གནའ་བོའི་རྡོ་བཟོ་སྒྱུ་རྩལ་དང་རྣམ་ཐར་འཁྲབ་སྟོན། ལྷ་རྩེད་སོགས་ནི་ལོ་རྒྱུས་ཀྱི་རྒྱུན་རིང་བའི་དམངས་སྲོལ་རིག་གནས་སྒྱུ་རྩལ་གྱི་གྲས་སུ་གཏོགས་ཤིང་། རྒྱུས་ལོན་རགས་ཙམ་བྱས་པར་ཉིན་པ་སྡེ་བའི་ལྷ་རྩེད་ལ་ལོ་ངོ་སུམ་བརྒྱ་ལྷག་གི་ཡུན་རིང་བའི་ལོ་རྒྱུས་ལྡན་པར་སྨྲ་ཞིང་། དེ་ལས་དུས་རབས་སྔོན་མའི་མི་རྣམས་ཀྱི་ཕུན་སུམ་ཚོགས་པའི་བསམ་པའི་རིག་གནས་འཚོ་བའི་ཟུར་ཞིག་ཀྱང་ངང་གིས་རྟོགས་ཐུབ། ད་ལྟ་ཉིན་པ་སྡེ་བའི་ཕྱི་རབས་པ་རྣམས་ཀྱིས་རིན་ཐང་བྲལ་བའི་དམངས་སྲོལ་རིག་གནས་དེ་དངོས་ཡོད་འཚོ་བའི་ཁྲོད་ཀྱི་སྲོལ་རྒྱུན་གྱི་དུས་ཆེན་དང་དམངས་སྲོལ་བྱེད་སྒོའི་སྐབས་སུ་འཁྲབ་སྟོན་བྱས་ནས་ནང་དོན་དང་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ།རིག་གནས་ཀྱི་ནང་དོན་དང་དུས་རབས་ཀྱི་རིན་ཐང་།སྤྱི་ཚོགས་ཀྱི་བྱས་རྗེས་བཅས་མཚོན་པར་བྱེད་བཞིན་ཡོད། དེའི་སྐོར་ནས་ཉིན་པ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དཔལ་དར་རྒྱལ་གྱིས་བཤད་རྒྱུར།
ང་ཚོ་ཉིན་པ་སྡེ་བའི་ལྷ་རྩེད་འདི་ལ་ལོ་ངོ་སུམ་བརྒྱའི་ལོ་རྒྱུས་ལྡན། ལྷ་རྩེད་འདི་གཙོ་བོ་ལོ་རེའི་ལོ་སར་གྱི་ཚེས་པ་གཉིས་དང་ཚེས་པ་ལྔ། ཚེས་པ་བརྒྱད་བཅས་ལ་སྡེ་བའི་ནང་དུ་འཁྲབ་སྟོན་བྱེད་བཞིན་ཡོད། ལྷ་རྩེད་འཁྲབ་སྟོན་བྱས་ན་ལོ་ཕྱུགས་རྟག་ཏུ་ལེགས་པ་དང་མི་ཡི་ན་ཚ་བཟློག་པ་སོགས་ཀྱི་བཤད་རྒྱུན་ཡོད། ང་ཚོ་ཉིན་པ་སྡེ་བའི་ལྷ་རྩེད་འདི་ད་ལྟ་རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་གྲས་སུ་ཚུད་ཡོད། ད་ལྟ་ང་ཚོ་སྡེ་བའི་ན་གཞོན་རྣམས་ཀྱིས་ཀྱང་ལྷ་རྩེད་རིག་གནས་འདི་མུ་མཐུད་དུ་རྒྱུན་འཛིན་བྱེད་པར་ནུས་པ་འདོན་བཞིན་ཡོད།
སྙན་སྒྲོན་པ།དམངས་སྲོལ་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པར་ཤེས་ལྡན་མི་སྣའི་འདེགས་སྐྱོར་འཐུས་ཚང་དུ་གཏོང་དགོས་ཤིང་། ཤེས་ལྡན་མི་སྣ་ནི་དམངས་སྲོལ་རིག་གནས་རྒྱུན་འཛིན་བྱེད་པའི་རྨང་གཞི་ཡིན། ཉིན་པ་སྡེ་བའི་ཨ་ཁུ་རྡོ་རྗེ་ཚེ་རིང་ལ་མཚོན་ན། ཁོ་རང་ལོ་ན་ཆུང་བའི་དུས་ནས་བཟུང་དམངས་ཁྲོད་སྲོལ་རྒྱུན་རིག་གནས་ལྷ་རྩེད་འདི་ལ་དུང་བ་ཤིན་ཏུ་ཟབ་མོ་ཡོད་མཁན་ཞིག་རེད། ཁོའི་མི་ཚེ་རིང་མོ་དེ་ལྷ་རྩེད་འཁྲབ་སྟོན་བྱེད་པ་སོགས་དམངས་ཁྲོད་ཀྱི་སྲོལ་རྒྱུན་རིག་གནས་དེ་དང་འགྲོགས་ནས་འོངས་པ་ཞིག་ཡིན་ཞིང་། དུས་ཡུན་རིང་བོའི་འབྲེལ་འདྲིས་ཁྲོད་ཁོ་ལའང་ལྷ་རྩེད་དང་འབྲེལ་བའི་རིག་གནས་སྣ་ཚོགས་ལ་བློ་སྐྱེད་ཆེས་ཆེར་རྒྱས་ཡོད། ཉིན་པ་སྡེ་བའི་ལྷ་རྩེད་རིག་གནས་དེ་རིམ་བཞིན་ཞིང་ཆེན་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ནས་རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་གྲས་སུ་ཚུད་པ་དང་བསྟུན་ནས། སྤྱི་ལོ་ཉིས་སྟོང་བཅུ་གཉིས་ལོར་ཨ་ཁུ་རྡོ་རྗེ་ཚེ་རིང་ལ་ཡང་རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་རྒྱུད་འཛིན་པའི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།
ང་ཚོ་སྡེ་བའི་ལྷ་རྩེད་འདི་ཉིས་སྟོང་བརྒྱད་ལོ་ཞིང་ཆེན་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་གྲས་སུ་ཚུད་པ་དང་། ཉིས་སྟོང་བཅུ་གཉིས་ལོར་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་གྲས་སུ་ཚུད་པ་རེད། ང་རང་ཉིད་ནི་རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ་ཡིན།
སྙན་སྒྲོན་པ། ཨ་ཁུ་རྡོ་རྗེ་ཚེ་རིང་ནི་ལོ་ན་ཆུང་ངུའི་དུས་ནས་བཟུང་ལྷ་རྩེད་འཁྲབ་སྟོན་བྱེད་པར་ཤིན་ཏུ་དགའ་བོ་ཡོད་མོད། ད་ལྟ་ལོ་དང་ན་ཚོད་ཀྱི་དབང་གིས་ཁོ་རང་ལྷ་རྩེད་འཁྲབ་སྟོན་བྱེད་པར་ཅུང་དཀའ་བའི་གནས་སུ་གྱར་ཡོད། ལྷ་རྩེད་འཁྲབ་སྟོན་བྱེད་པར་ལྷ་རྔ་ནི་མེད་དུ་མི་རུང་བའི་ལག་ཆ་ཉག་ཅིག་རེད། ཨ་ཁུ་རྡོ་རྗེ་ཚེ་རིང་ཆུང་དུས་ནས་བཟུང་རང་གི་ཨ་ཞང་གི་མདུན་ནས་ལྷ་རྔ་རྡུང་བཟོ་བྱེད་པའི་ལས་ཀར་འཇུས་ཏེ། ཤ་ཐང་རུས་ཐང་གིས་འབད་པ་བྱས་པར་བརྟེན་རིམ་གྱིས་ལྷ་རྔ་རྡུང་བཟོ་བྱེད་པའི་ལག་རྩལ་མི་ཉུང་བ་ཞིག་བྱང་ཆུབ་པར་གྱུར་ཡོད། ད་ལྟ་འང་ཁོས་ད་དུང་ལྷ་རྔ་རྡུང་བཟོ་བྱེད་པའི་དམངས་ཁྲོད་སྲོལ་རྒྱུན་ལག་རྩལ་དེའི་རྒྱུན་མུ་མཐུད་དུ་སྐྱོང་བཞིན་ཡོད་པར་མ་ཟད། ཁོས་རྡུང་བཟོ་བྱས་པའི་ལྷ་རྔ་ལ་ཡུལ་ཕྱོགས་མང་པོ་ཞིག་ཏུ་སྙན་གྲགས་ཆེན་པོ་རྒྱས་ཡོད། སྟབས་ལེགས་པ་ཞིག་ལ་ཐེངས་འདིར་ང་ཚོ་ཨ་ཁུ་རྡོ་རྗེ་ཚེ་རིང་གི་ཁྱིམ་དུ་ཐོན་དུས། ཏག་ཏག་ཁོས་ལྷ་རྔ་རྡུང་བཟོ་བྱེད་པའི་སྐབས་དང་འཁེལ་འདུག ཁོས་སྤྲོ་སྣང་དང་བཅས་ཏེ་ལྷ་རྔ་ཇི་ལྟར་རྡུང་བཟོ་བྱེད་པའི་སྐོར་ནས་ང་ཚོར་ངོ་སྤྲོད་ཐུང་ངུ་ཞིག་བྱས་བྱུང་།
ལྷ་རྔ་རྡུང་བཟོ་བྱེད་རྒྱུ་ནི་ང་རང་ལོ་ན་ཉི་ཤུ་ཙམ་ཡིན་པའི་སྐབས་སུ་རང་གི་ཨ་ཞང་གི་ཁྲིད་ནི་ཡིན། རྗེས་སུ་རང་གིས་ལྷ་རྔ་མང་པོ་ལས་ནི་རེད། ལྷ་རྔའི་རྒྱུ་ཆ་གཙོ་བོར་ཤིང་དང་ལྕགས། པགས་པ་བཅས་རིགས་གསུམ་གྱིས་གྲུབ་ཡོད། དེ་བཟོ་དུས་ཐོག་མར་ལྕགས་རྡུང་བ་དང་དེ་ནས་པགས་པའི་སྟེང་གི་སྤུ་ལེན་པ་དང་པགས་པས་གཡོག་པ། སྐམ་རྗེས་ཚོན་གཏང་དགོས་པ་རེད། ཚོན་ལ་གཙོ་བོ་ཕྱི་མར་ནོར་བུ་མེ་འབར་དང་ནང་མར་ནོར་བུ་དགའ་འཁྱིལ་གཏོང་བཞིན་ཡོད། ད་དེ་འདྲ་ཞིག་རེད།
སྙན་སྒྲོན་པ། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་རྒྱུན་མ་ཆད་པའི་དམངས་ཁྲོད་སྲོལ་རྒྱུན་རིག་གནས་དེ་དག་ནི། ཀྲུང་ཧྭའི་སྣ་མང་རིག་གནས་ཀྱི་ལྡུམ་རར་བཞད་པའི་བཀྲག་མདངས་འཚེར་བའི་མེ་ཏོག་རེ་རེ་ཡིན་ལ་དེ་དག་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པ་ནི། འདས་ཟིན་པའི་ལོ་རྒྱུས་དང་དེང་རབས་རིག་གནས་འཚོ་བ་མཚམས་སྦྱོར་སྟངས་ཤིག་ཡིན་པར་མ་ཟད། བྱས་རྗེས་དེང་འདིར་བཞག་ནས་ཕན་འབྲས་བསྐལ་བརྒྱར་ཐོན་པའི་དམངས་ཁྲོད་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་བྱེད་སྟངས་ལེགས་ཤོས་དེ་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་རང་གི་ནུས་པས་བྱས་རྗེས་འབུལ་སྟངས་ཤིག་ཀྱང་ཡིན།
སྙན་སྒྲོན་པ།གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་དང་རིག་འཛིན་སྒྲོལ་མ་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་ཆེད་སྒྲིག་ལེ་ཚན་ཏེ། ཉིན་པ་སྡེ་བའི་དམངས་སྲོལ་རིག་གནས་རྒྱུན་འཛིན་ཞེས་པ་དེ་ཡིན། ཁྱེད་ཚོས་ཉན་པར་བཀའ་དྲིན་ཆེ།
གསར་འགོད་པ། གཡང་འབུམ་རྒྱལ། རིག་འཛིན་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་པ། ཨ་བརྟན་རྒྱལ།
ལྟ་སྐུལ་པ། དབང་གྲགས་ཚེ་རིང་།