ཟླ་ལྔ་པའི་ཚེས་བརྒྱད་ཉིན། གསར་འགོད་པས་ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སི་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་མགོ་བརྩམས་པ་ནས་བཟུང་། མཚོ་བོད་སྡེ་ཚོགས་ཀུང་སིའི་ཏང་ཨུ་ཡིས་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། མི་དམངས་ལྕགས་ལམ་གྱིས་མི་དམངས་ལ་ཞབས་འདེགས་ཞུ་བ་ཡིད་ལ་བརྟན་པོར་བཅངས་ནས་ཐབས་བརྒྱ་ཇུས་སྟོང་གིས་ཡུལ་སྐོར་བའི་འགྲོ་འདུག་དགོས་མཁོ་སྐོང་དགོས་ལ། བརྗོད་དོན་སློབ་གསོའི་ཕན་འབྲས་དེ་མི་དམངས་མང་ཚོགས་ཀྱི་འགྲོ་འདུག་གི་མྱོང་བའི་སྟེང་མངོན་པར་བྱེད་དགོས་པའི་རེ་བ་བཏོན།
ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སི་ཡི་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧན་ཡུང་ལིན་གྱིས་བཤད་རྒྱུར། མཚོ་བོད་སྡེ་ཚོགས་ཀུང་སིས་ཀུང་སིའི་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་དང་། ལྕགས་ལམ་གྱི་འཛུགས་སྐྲུན་དང་འཆར་འགོད། སྤུད་འདེགས་ནུས་སྤེལ། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་སོགས་ཕྱོགས་བཅུ་གཉིས་ཐད་ནས་ལས་རིགས་སྡེ་ཁག་དང་ལས་སྣ་དང་པོའི་ཐོན་སྐྱེད་ལས་ཁུངས་ཀྱི་བྱ་བའི་སྦྲེལ་མཐུད་ལ་ཤུགས་བསྣན་པ་དང་ཡུལ་དངོས་ནས་བདེ་འཇགས་ཐོན་སྐྱེད་དང་ཚོང་ཟོང་ཞབས་ཞུ། བཟོ་སྐྲུན་གྱི་ལས་རིམ་གནས་ཚུལ་ལ་རྒྱུས་ལོན་བྱས་ལ། མཐོ་སྒང་ལྕགས་ལམ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་ཤན་ཤུགས་ཐེབས་པའི་འགག་རྩ་དང་དཀའ་གནད་ཐག་གཅོད་བྱས།
ལན་ཀྲིག་ནས་ཟི་ལིང་བར་གྱི་ལྕགས་ལམ་གྱི་མཚོ་སྔོན་ས་མཚམས་ཀྱི་སྤུས་ཚད་མཐོར་འདེགས་དང་མཚོ་བོད་ལྕགས་ལམ་གྱི་ཟི་ལིང་ནས་ན་གོར་མོའི་བར་མཚམས་ཀྱི་འགྲོས་ཚད་དུས་ཚོད་རེར་སྤྱི་ལེ་བརྒྱ་དང་དྲུག་ཅུར་སླེབས་པའི་འགུལ་འཁོར་ཚན་པའི་བྱ་བའི་བཀོད་སྒྲིག་ལྟར། བཟོ་སྐྲུན་གལ་ཆེན་གྱི་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། ལས་རིགས་སྡེ་ཁག་དང་ལས་བཟོའི་ལས་ཁུངས་རྩ་འཛུགས་བྱས་ནས་མཚོ་བོད་ལྕགས་ལམ་གྱི་ཟི་ལིང་ནས་ན་གོར་མོའི་བར་མཚམས་ཀྱི་ལམ་ཐིག་དང་ལམ་གྱི་རྨང་གཞི། ཟམ་པ། འབྲེལ་འདྲིས་དྲ་རྒྱའི་གནོད་སྐྱོན་བཅོས་སྐྱོང་དམ་འཛིན་བྱས་ཏེ། ལམ་ཐིག་ཧྲིལ་བོའི་འགུལ་འཁོར་འབབ་ཚིགས་ཀྱི་ཆར་འགོག་དང་འབབ་སྟེགས། འགྲུལ་སྐྱེལ་ཞབས་ཞུའི་སྒྲིག་ཆས། འཕྲིན་གཏོང་། བརྡ་རྟགས། ཆ་འཕྲིན། གློག་ཤུགས། འགོག་སྲུང་ལན་ཀན། གཏོང་ཆུའི་སྦུག་ལམ། བྱེ་འགོག་སྒྲིག་ཆས་བཅས་རིམ་སྤོར་བཅོས་སྒྲིག་དང་ཞིབ་བཤེར་ངོས་ལེན་བྱ་བ་འབུར་དུ་ཐོན་པར་བྱས་ནས་མཚོ་བོད་ལྕགས་ལམ་གྱི་ཟི་ལིང་ནས་ན་གོར་མོའི་བར་མཚམས་ཀྱི་འགྲོས་ཚད་དུས་ཚོད་རེར་སྤྱི་ལེ་བརྒྱ་དང་དྲུག་ཅུར་སླེབས་པའི་འགུལ་འཁོར་ཚན་པ་རྨང་གཞི་བརྟན་པོ་བཏིངས་ནས། བསྐྱར་དར་རྟགས་ཀྱི་འགུལ་འཁོར་ཚན་པའི་གངས་ལྗོངས་མཐོ་སྒང་གི་ཞབས་ཞུའི་ཁྱབ་ཁོངས་རྒྱ་བསྐྱེད་ནས་རྒྱ་ཆེའི་ཡུལ་སྐོར་བའི་སྣ་མང་གི་དགོས་མཁོ་བསྐོང་ཅི་ཐུབ་བྱས།
ཧན་ཡུང་ལིན་གྱིས་བཤད་རྒྱུར། མཚོ་བོད་སྡེ་ཚོགས་ཀུང་སིས་ལྕགས་ལམ་བདེ་འཇགས་སྐྱེལ་འདྲེན་དོ་དམ་ལ་ཤུགས་བསྣན་ནས་ཐབས་བརྒྱ་ཇུས་སྟོང་གིས་ཡུལ་སྐོར་བའི་དགོས་མཁོ་བསྐངས། ལྷག་པར་ལྔ་གཅིག་གནང་བའི་སྐབས་ཀྱི་འགྲུལ་སྐྱེལ་ཚོང་ར་བརྟན་ཐོག་ཡར་འཕེལ་བྱུང་བ་དང་ཞིང་ཆེན་བརྒལ་བའི་འགྲུལ་བ་མང་བའི་ཁྱད་ཆོས་ལ་དམིགས་ནས་མཚོ་བོད་སྡེ་ཚོགས་ཀུང་སིས་སྔོན་ལ་འགྲུལ་བའི་ཚད་ཀྱི་འགྱུར་ལྡོག་ལ་ཞིབ་འཇུག་དང་བརྡར་གཅོད་བྱས་པ་དང་། འགྲུལ་སྐྱེལ་ལ་ལུགས་མཐུན་ངང་བཀོད་སྒྲིག་བྱས་ཏེ། དུས་ལྟར་ཟི་ལིང་ནས་ལྷ་ས་དང་ན་གོར་མོ། ཁྲིན་ཏུའུ་བཅས་ཀྱི་ཕྱོགས་དང་། ལྷ་ས་ནས་གཞིས་ཀ་རྩེ་དང་ཉིང་ཁྲི་ཕྱོགས་སུ་ཡུལ་སྐོར་འཁོར་ཐེངས་དོན་བདུན་ཁ་སྣོན་བྱས་ནས་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སིས་དུས་ཆེན་སྐབས་ཀྱི་འགྲུལ་སྐྱེལ་ཐད་ཐོལ་བརྒལ་གསར་བ་མངོན་འགྱུར་བྱས།
མི་ཕམ་མགོན་པོས་བསྒྱུར།