ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་སྤུས་ཚད་མཐོ་བའི་སྒོ་ནས་བརྗོད་དོན་སློབ་གསོར་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་བཏང་།
2023.05.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ་ལྔ་པའི་ཚེས་བཅུ་གཉིས་ཉིན་གསར་འགོད་པས་ཞིང་ཆེན་སྤྱིའི་བཟོ་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་དངོས་སུ་སྤེལ་བ་ནས་བཟུང་། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་སྤྱིའི་བླང་བྱ་དང་བསྟུན་ནས་གནད་དོན་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་གཙོ་གནད་ལས་འགན་ལ་དམ་པོར་དམིགས་ཏེ། སློབ་སྦྱོང་བྱེད་ཞོར་དུ་རྟོག་ཞིབ་བྱེད་པ་དང་ཞིབ་བཤེར་བྱེད་ཞོར་དུ་དག་ཐེར་བྱས་ནས། དུས་སྐབས་གསར་པའི་བཟོ་ཚོགས་ཀྱི་ལས་དོན་གསར་གཏོད་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་གནད་དོན་གལ་ཆེན་ཐག་གཅོད་གང་ལེགས་བྱས་པ་དང་། ལས་བཟོ་བ་ཡོངས་ཀྱི་རེ་ལྟོས་ལ་ཨ་ལན་གསལ་བོ་བཏབ་ནས། སྤུས་ཚད་མཐོ་བའི་སྒོ་ནས་བརྗོད་དོན་སློབ་གསོར་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་བཏང་།

གཞུང་ལུགས་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་འབད་འབུངས་བྱས་ཏེ། མ་རྩོམ་ཀློག་པ་དང་མ་ཡིག་སྦྱོང་བ། རྩ་བའི་རིགས་པ་རྟོགས་པར་བྱེད་པ་བཅས་རྒྱུན་འཁྱོངས་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་དང་ཏང་གི་སྒྲིག་ཡིག་སོགས་གཏན་འབེབས་བྱས་པའི་བཀླགས་ཐོ་རེ་རེ་བཞིན་ཞིབ་ཀློག་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གསར་ཤོས་དང་རྩོམ་ཡིག་གསར་ཤོས་ལ་སློབ་སྦྱོང་གང་ལེགས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟོ་པ་གྲལ་རིམ་དང་བཟོ་ཚོགས་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་ཞིབ་འཇུག་དང་སློབ་སྦྱོང་ཞིབ་ཚགས་བྱས་པ་དང་། གང་ཞིག་བྱེད་ན་དེ་གཙོ་གནད་དུ་བཟུང་ནས་སྦྱོང་བ་དང་གང་ཞིག་ཆད་ན་དེ་གཙོ་གནད་དུ་བཟུང་ནས་ཁ་གསབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གཞུང་ལུགས་སློབ་སྦྱོང་བྱས་ནས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། ལས་དོན་ལ་སྐུལ་འདེད་བཏང་ནས། བརྗོད་དོན་སློབ་གསོར་ཕན་འབྲས་དངོས་ཐོན་པར་འབད་འབུངས་བྱེད་ཀྱིན་ཡོད།

རྟོག་ཞིབ་དག་ཐེར་ཐད་ཤུགས་བསྣན་པ་དང་གནད་དོན་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་དང་མྱུར་སྐྱེལ་བ་སོགས་ལས་ཞུགས་ཀྱི་རྣམ་པ་གསར་པའི། ཚོགས་སྤྱི་འཛུགས་སྐྲུན་གྱི་ཚོགས་ཞུགས་དོ་སྙོམས་མིན་པ་དང་གཞི་ཁྱོན་མི་འདང་བའི་གནད་དོན་སོགས་གནད་དོན་ཁག་ལྔ་ཡི་གནད་དོན་དང་མི་སྒེར་ལ་འཕྲད་པའི་རྩིས་ཁྲ་གོ་རིམ་ལྡན་པའི་ངང་ལེགས་སྒྲིག་བྱས་ནས། ཐག་གཅོད་བྱེད་ཐབས་དང་འགན་འཁྲིའི་ལས་ཁུངས། འགན་འཁུར་བ། ལེགས་སྒྲུབ་དུས་བཅད་བཅས་རེ་རེ་བཞིན་བཟོས། དམིགས་འབེན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཐོན་ལས་བཟོ་པའི་དཔུང་སྡེ་འཛུགས་སྐྲུན་སྒྱུར་བཅོས་དང་བཟོ་ཚོགས་ཀྱི་དཔུང་སྡེ་འཛུགས་སྐྲུན་སོགས་ཐད་གནས་པའི་གནད་དོན་ཆུང་ངུ་བཅོ་བརྒྱད་ལ་རྟོག་ཞིབ་བྱས་ནས། གནས་ཚུལ་གསལ་རྟོགས་ཡོང་བར་བྱེད་པ་དང་གནད་དོན་གནད་ལ་འཁེལ་བའི་ངང་འཚོལ་བ། ཐབས་ཇུས་ཏན་ཏིག་འདོན་པ་བཅས་བྱས། དག་ཐེར་ཡོ་བསྲང་གི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མཚོ་སྔོན་གྱི་མགོ་ཁྲིད་ལས་བྱེད་པ་དྲུག་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་རྒྱབ་འགལ་ཚབས་ཆེན་བྱས་པའི་གནད་དོན་གཞིར་བཟུང་ནས། དཔེ་གཞིར་བརྟེན་ནས་དག་ཐེར་ཡོ་བསྲང་བྱེད་པར་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོ་དང་བཅོས་སྐྱོང་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།