བློ་མཐུན་ཀྲུའུ་ཀྲི་ཀའོ་ཡི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་ཟི་ལིང་དུ་བསྡུས།
2023.07.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 84

བློ་མཐུན་ཀྲུའུ་ཀྲི་ཀའོ་ཡི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་ཟླ་བདུན་པའི་ཚེས་བཞི་ཉིན་གྱི་སྔ་དྲོར་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་སོགས་ཞིང་ཆེན་གྱི་འགོ་ཁྲིད་ཀྱིས་སྙན་ཞུ་ཚོགས་པའི་ཁོངས་མི་ལ་ཐུག་འཕྲད་བྱས་པར་མ་ཟད་ཚོགས་འདུར་ཞུགས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་ཡི་མགོ་འཛིན་བྱས།

བློ་མཐུན་ཀྲུའུ་ཀྲི་ཀའོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་སློབ་གསོས་སྐྱེད་སྲིང་བྱས་པའི་ཕུལ་བྱུང་ཏང་ཡོན་ལས་བྱེད་པ་དང་། དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་བྱེད་པའི་ཕུལ་བྱུང་འཐུས་ཚབ་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་ལག་ལེན་ཁྲོད་བྱུང་བའི་སྔོན་ཐོན་མ་དཔེ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་མིག་དཔེ་བཅས་ཡིན་ལ། སྔ་གཞུག་ཏུ་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་རྩ་འཛུགས་བྱ་བའི་ལས་བྱེད་པ་དང་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་ཏང་གི་བྱ་བ་སྒྲུབ་མཁན། རྒྱལ་ཡོངས་ཀྱི་ཕུལ་བྱུང་རྩ་འཛུགས་བྱ་བའི་ལས་བྱེད་པ་བཅས་ཀྱི་མཚན་སྙན་ཐོབ།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་སྙན་ཞུ་ཚོགས་པའི་ཁོངས་མི་ལ་ཐུག་འཕྲད་བྱེད་སྐབས། ཀྲུའུ་ཀྲི་ཀའོ་ཡི་ཁྱིམ་མིའི་ལུས་ཕུང་དང་འཚོ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོ་ཚོས་བཤད་རྒྱུར། བློ་མཐུན་ཀྲུའུ་ཀྲི་ཀའོ་ཡི་ཕུགས་འདུན་ཡིད་རྟོན་བརྟན་ཞིང་ཏང་ལ་བློ་དཀར་བ་དང་། ཁག་ཁུར་བྱེད་ཕོད་པ་དང་བདེན་འཛིན་དངོས་སྒྲུབ་བྱེད་པ། ལས་བརྩོན་ཧུར་ཐག་དང་ལེགས་ཐོག་ལེགས་བརྩོན་བྱེད་པ། དམིགས་འབེན་ཡིད་ལ་དམ་པོར་འཛིན་པ་དང་གཞི་རིམ་ལ་སེམས་ཁུར་བྱེད་པ། དག་གཙང་སྲོལ་བཟང་དང་རང་གཅུན་ནན་མོ་བྱེད་པ་བཅས་བྱས་ནས། རྒྱ་ཆེ་ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་བྱེད་སའི་མིག་དཔེ་རུ་གྱུར་ཡོད། མིག་སྔར། ཞིང་ཆེན་ཡོངས་ཀྱིས་བརྗོད་དོན་སློབ་གསོ་སྤེལ་བཞིན་པའི་སྒང་ཡིན་པ་དང་། སྙན་ཞུ་ཚོགས་པའི་ཁོངས་མིས་སྒྲོག་འགྲེལ་ཁྲོད་རྒྱུན་མ་ཆད་པར་དབྱེ་ཞིབ་བྱེད་པ་དང་སྤྱི་སྡོམ་ཁྲོད་འཐུས་ཚང་དུ་གཏོང་བ། བརྩེ་སེམས་ལྡན་པའི་སྒོ་ནས་བློ་མཐུན་ཀྲུའུ་ཀྲི་ཀའོ་ཕུལ་བྱུང་ཏང་ཡོན་ཞིག་ཡིན་པའི་་མི་སེམས་འགུལ་བའི་བྱས་རྗེས་དང་བླ་མེད་རང་གཤིས་བཟང་བོར་བཤད་པ་དང་། ཧུར་ཐག་གིས་སྙན་ཞུ་ཚོགས་འདུ་དེ་རང་ཞིང་གི་ཕུལ་བྱུང་ཏང་ཡོན་ལས་བྱེད་པ་དྲིལ་སྒྲོག་བྱེད་པའི་སྤུས་ལེགས་བརྩམས་ཆོས་སུ་གསར་སྐྲུན་བྱེད་པ། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་སྔོན་ཐོན་དཔེ་མཚོན་ལ་སློབ་སྦྱོང་བྱེད་པར་སྣེ་ཁྲིད་བྱེད་པ། ཞིང་ཆེན་ཡོངས་སུ་བདེན་འཛིན་དངོས་བསྒྲུབ་དང་དཀའ་སྤྱད་ལས་གཉེར་བྱེད་པའི་སྣང་ཚུལ་སྟུག་པོར་གྲུབ་པར་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་འབུལ་རྒྱུའི་རེ་བ་བཅངས་ཡོད་ཟེར།

སྙན་ཞུ་ཚོགས་འདུའི་སྟེང་བློ་མཐུན་ཀྲུའུ་ཀྲི་ཀའོ་ཡི་སྔོན་ཐོན་བྱས་རྗེས་ཀྱི་ཆེད་དོན་གློག་བརྙན་བཏང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་རྩ་འཛུགས་ཁྲུའུ་དང་པོའི་ལས་བྱེད་པ་ཆི་རུང་དང་། ན་གོར་མོ་གྲོང་ཁྱེར་སྲིད་གཞུང་གཞུང་སྒྲུབ་ཁང་རླངས་འཁོར་རུ་ཁག་གི་རུ་གཙོ་ཏིན་ཁྲིན་ཀང་། ཐུན་རིན་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཝུན་ཏུང་། མཚོ་སྔོན་ཞིང་ཆེན་ལས་བྱེད་པའི་ངལ་གསོ་ལུས་གསོ་ཁང་གི་ལས་བྱེད་པ་ཀྲུའུ་ཀྲི་ཧྭ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གསར་འགོད་པ་ལིས་ཧའོ་བཅས་སྙན་ཞུ་ཚོགས་པའི་ཁོངས་མིས་བབ་ཆགས་པའི་སྐད་ཆ་དང་བརྩེ་སེམས་ཟབ་མོ། གཏམ་རྒྱུད་བཟང་བོས་ཟུར་ངོས་མི་འདྲ་ས་ནས་བློ་མཐུན་ཀྲུའུ་ཀྲི་ཀའོ་ཡི་ཏང་ལ་བློ་དཀར་བ་དང་ཁག་ཁུར་འབད་འཐབ། མང་ཚོགས་ལ་སེམས་ཁུར་བྱས་པ། སྲོལ་གཙང་སྤྱོད་བཟང་བཅས་ཀྱི་མི་སེམས་འགུལ་བའི་ལག་རྗེས་སྒྲོག་སྤེལ་བྱས་པ་དང་། བློ་མཐུན་ཀྲུའུ་ཀྲི་ཀའོ་གུང་ཁྲན་ཏང་ཡོན་ཞིག་དང་རྩ་འཛུགས་བྱ་བའི་ལས་བྱེད་པ་ཞིག་ཡིན་པ་དང་། ཏང་གི་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཕུལ་བྱུང་གཤིས་རྒྱུད་དང་དུས་རབས་ཀྱི་སྣང་བརྙན་ཡང་བསྐྱར་མངོན་པར་བྱས།

ཀྲའོ་ཡུའེ་ཞ་ཡིས་མགོ་འཛིན་བྱེད་སྐབས་བཤད་རྒྱུར། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་མཐུན་ཀྲུའུ་ཀྲི་ཀའོ་དང་འདྲ་བར་དགོངས་པ་སློབ་པ་དང་། ཐོས་སྤྱོད་ཟུང་འབྲེལ་དང་སྦྱངས་པ་གོ་ཆོད་བྱས་ནས། ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་དགོས། བློ་མཐུན་ཀྲུའུ་ཀྲི་ཀའོ་བཞིན་དུ་ཏང་གཤིས་སྐྱེད་པ་དང་། ཡིད་རྟོན་ཇེ་བརྟན་དུ་གཏོང་བ་དང་ཏང་ལ་བློ་དཀར་བོ་བྱས་ནས། རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་པ་དང་། ཆབ་སྲིད་ཀྱི་རང་མདངས་སྲུང་འཛིན་བྱེད་དགོས། བློ་མཐུན་ཀྲུའུ་ཀྲི་ཀའོ་བཞིན་དུ་ལག་ལེན་འཛིན་པ་དང་། སྤྱོད་ཚུལ་ལེགས་བསྒྱུར་བྱེད་པ་དང་བདེན་འཛིན་དངོས་བསྒྲུབ་བྱས་ཏེ། གུང་ཁྲན་ཏང་ཡོན་གྱི་གཟི་བརྗིད་ལྡན་པའི་མཚན་མིང་ལ་ངོ་གནོང་མི་དགོས་པར་བྱེད་དགོས། བློ་མཐུན་ཀྲུའུ་ཀྲི་ཀའོ་བཞིན་དུ་ལག་རྗེས་གསར་བ་འཇོག་པ་དང་། འབད་བརྩོན་ལྷོད་མེད་བྱེད་པ་དང་རྣམ་པ་གསར་བ་བསྐྲུན་ནས། སྤུས་ཚད་མཐོ་བའི་བྱ་བས་མཚོ་སྔོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།

ཚོགས་ཞུགས་མི་སྣས་མཐའ་གཅིག་ཏུ་བསྟན་དོན། བློ་མཐུན་ཀྲུའུ་ཀྲི་ཀའོ་ལ་སློབ་སྦྱོང་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་རྒྱུས་ལོན། ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩི་བ་དང་། རང་རྟོགས་སྒོས་རྩ་ཆེ་བའི་བསམ་བློའི་རྒྱུ་ནོར་རྒྱུན་འཛིན་དང་དར་སྤེལ་གཏོང་བ། བསླབ་ནས་བློ་སྦྱོང་བྱེད་པ་དང་བསླབ་ནས་རིག་སྟོབས་སྤེལ་བ། བསླབ་ནས་སྤྱོད་བཟང་སྐྱོང་བ། བསླབ་ནས་ལས་ལ་སྐུལ་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་དད་མོས་པ་དང་ལག་བསྟར་བ་བྱེད་དགོས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་ཐུག་འཕྲད་ལ་ཞུགས་པར་མ་ཟད་ཚོགས་འདུར་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཁྲིམས་ཁང་གི་དཔོན་པོ། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་བཅས་སྙན་ཞུ་ཚོགས་འདུར་ཞུགས།

སྙན་ཞུ་ཚོགས་འདུ་དེ་བརྙན་རིས་ཀྱི་ལམ་ནས་བསྡུས་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གླིང་། ཞིང་ཆེན་ཁོངས་གཏོགས་ཁེ་ལས། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས་ཀྱི་ཏང་ཙུའུ་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་སྨྱན་བྱད་དང་ཞིང་ཆེན་གྱི་སྨྱན་བྱད་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་གཞུང་སྒྲུབ་ཁང་གི་ལས་བྱེད་མི་སྣ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་གི་ཁོངས་མི། མཚོ་སྔོན་དུ་སྡོད་པའི་དམག་དཔུང་གི་དཔོན་དམག་འཐུས་ཚབ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་པའི་འཐུས་ཚབ། སྤྱི་བདེ་ཉེན་རྟོག་པའི་འཐུས་ཚབ། དགེ་སློབ་འཐུས་ཚབ། ཁེ་ལས་ཀྱི་ལས་བཟོ་བའི་འཐུས་ཚབ་བཅས་ཀྱིས་ཚོགས་ར་གཙོ་བོ་ནས་སྙན་ཞུ་ཚོགས་འདུར་ཞུགས། གྲོང་ཁྱེར་དང་རྫོང་སོ་སོར་ཡན་ལག་ཚོགས་ར་བཙུགས་པ་དང་། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་སྟོང་ལྷག་གིས་སྙན་ཞུ་ཚོགས་འདུར་ཉན།

རིན་ཆེན་མཚོས་བསྒྱུར།