བརྗོད་དོན་སློབ་གསོ་སྐོར་གཉིས་པ་སྤེལ་བ་ནས་བཟུང་། མཚོ་བྱང་ཁུལ་གྱིས“དགོངས་པ་སློབ། ཏང་གཤིས་བསྐྱེད། ལག་ལེན་གཙོ། བྱས་རྗེས་འཇོག”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། བརྗོད་དོན་སློབ་གསོ་དང་ལྟེ་བའི་ལས་དོན་ཟུང་འབྲེལ་དམ་ཟབ་བྱས་ཤིང་། སྤྱི་ཡོངས་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པ་དང་རྩ་བའི་ལས་འགན་གནད་ལ་འཁེལ་བ། བྱེད་པོའི་འགན་འཁྲི་བརྟན་དུ་གཏོང་བ། དམངས་དོན་དུ་བྱ་ཐབས་ཏན་ཏིག་སྤྱོད་པ་བཅས་བྱས་ཏེ་བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་བཏང་།
མིན་ཡོན་རྫོང་རིམ་པའི་མགོ་ཁྲིད་ཀྱིས་རང་ངོས་ཀྱི་གནད་དོན་ལ་གཞིགས་ནས་ཞིབ་བཤེར་དང་ཞིབ་བསྡུར་དབྱེ་ཞིབ་བྱས་པ་དང་། གྲོང་གསེབ་དར་རྒྱས་དང་གཞི་རིམ་བཅོས་སྐྱོང་། གྲོང་གསེབ་ཡུལ་སྐོར་སོགས་ཕྱོགས་དྲུག་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་བྱ་གཞི་ཉེར་དགུ་བདམས་ཏེ། བརྗོད་གཞི་ལེན་མཁན་དང་བརྟག་ཞིབ་ཚན་ཆུང་གི་ཁོངས་མི། བརྟག་ཞིབ་བྱེད་སྟངས་སོགས་གཙོ་གནད་རྒྱུ་རྐྱེན་ཁག་ཁ་གསལ་བཟོས་ནས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་བཏང་། དེ་དང་ཆབས་ཅིག་མིན་ཡོན་རྫོང་གིས་ཁྱབ་ཁོངས་ཁག་གི་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བསམ་འཆར་སྒམ་བཙུགས་ནས་གནད་དོན་འཚོལ་བ་དང་འཐབ་ས་དང་པོར་བསྐྱོད་དེ་གནད་དོན་འཚོལ་བ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་དཀའ་གནད་བཅུ་གཅིག་འཚོལ་ཞིབ་དང་ཞིབ་ཕྲའི་བྱེད་ཐབས་ཉེར་དྲུག་བཟོས་ཡོད།
མདོ་ལ་རྫོང་དུ་ས་གནས་ཀྱི“སྣང་ཚུལ་དང་ཉམས་ལེན། གློག་བརྙན་ལ་ལྟ་བ་བཅས་ཟུང་དུ་སྦྲེལ་བའི”བྱེད་སྟངས་གསར་བ་སྤྱད་དེ། “སློབ་སྦྱོང་གི་ཆ་སྡེབ”སྣ་ཚོགས་གསར་གཏོད་དང་སྡེབ་སྒྲིག་བྱས་ནས“ས་ཆ་གཅིག་དང་དཔེ་དེབ་གཅིག མནའ་འབྲེལ་གཅིག་དང་ཟློས་གར་གཅིག སློབ་ཚན་གཅིག”གི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་མ་ལག་ནུས་ཤུགས་ཡོད་རྒུས་བཏོད་དེ་སློབ་སྦྱོང་གི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན། ཡིད་དབང་འགུག་ནུས་བཅས་རྒྱུན་མི་ཆད་པར་ཆེ་རུ་བཏང་ཡོད། དེ་དང་ཆབས་ཅིག་མང་ཚོགས་ལ་བསམ་འཆར་ཆེ་བ་དང་ཡུན་རིང་ཐག་གཅོད་བྱས་མེད་པའི་གནད་དོན་དངོས་ལ་དམིགས་ནས ཆེད་དོན་བཅོས་སྒྲིག་ལས་འགན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། ལས་ཐོག་ཏང་ཡོན་སྟོང་གཅིག་དང་བཞི་བརྒྱ་ལྷག་སྡེ་ཁུལ་དུ་བསྐྱོད་རྒྱུའི་སྒྲིག་འཛུགས་བྱས་ཤིང་། དམངས་འཚོའི་གནད་དོན་སྣ་ཚོགས་བརྒྱ་དང་ཉི་ཤུ་ལྷག་ལ་རྒྱུས་ལོན་དང་ཐག་གཅོད་བྱས། ཁས་ལེན་ཐེངས་བརྒྱ་དང་དགུ་བཅུ་ལག་ལེན་དུ་བསྟར་ལ། “བསམ་འདུན་ཆུང་ངུ”ཐེངས་སུམ་བརྒྱ་དང་གཅིག་ངོས་ལེན་བཅས་བྱས་ཏེ་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་ཐག་གཅོད་བྱས།
རྐང་ཚ་རྫོང་དུ་སྐྱེ་ཁམམས་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་ཆེད། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཁེ་རིམ་ཐང་སྐྱེ་ཁམས་དཔལ་ཡོན་སློབ་གསོའི་རྟེན་གཞི་དང་། ལྷ་ཁྱབ་ཁུག་སྐྱེ་ཁམས་ཉམས་ལེན་ཁུལ། དགོ་དམར་ཚན་རིག་ཁྱབ་གདལ་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་བཅས་སུ་རྐང་ཚའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཐད་ཐོབ་པའི་ཕན་འབྲས་ལ་མྱོང་རོལ་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བློ་ལ་བརྟན་པོར་ངེས་ནས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་སྐུལ་མ་བཏང་།
མདའ་བཞི་རྫོང་དུ་རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཚོགས་སྤྱི་མི་འདྲ་བའི་སྲིད་ཇུས་ཀྱི་དགོས་མཁོ་དང་དང་ལེན་ནུས་པ་སོགས་ཀྱི་རྒྱུ་རྐྱེན་ལ་གཞི་ཚུགས་ཏེ་སྒྲོག་འགྲེལ་ཆུང་ངུ་དང་ཏང་གི་སློབ་ཚན་ཁྲིད་པ། གཅིག་སྡུད་སློབ་སྦྱོང་དང་བགྲོ་གླེང་བྱེད་པ། ཁྱིམ་ཚང་དུ་བསྐྱོད་དེ་དྲིལ་སྒྲོག་སྣ་ཚོགས་ཐེངས་བརྒྱད་བརྒྱ་ལྷག་སྤེལ་ཏེ་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་དེ་མང་ཚོགས་ལ་སྨན་བཅོས་འགན་ལེན་དང་གཞི་རིམ་སྤྱི་ཚོགས་འགན་བཅོལ། ལས་གཏོད་དངུལ་བུན། བདེ་ཐང་ཤེས་ཁྱབ་གདལ་དུ་བཏང་། དེ་དང་ཆབས་ཅིག་འཐབ་ས་དང་པོར་གཞུང་དོན་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་གཞུང་ལས་ཁང་དེ“ལས་ཁུངས་ཀྱི་སྒོ་ར་ཆེན་པོ”ནས“ཞིང་ཁ”དང་། “ཕྱུགས་ར་དང་སྦྲ་གུར” “རྣམ་གྲངས་ཨར་ལས་བྱེད་ཡུལ”བཅས་སུ་སྤོས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་དེ་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་གི་གནད་དོན་ཉིས་བརྒྱ་ལྷག་ཐག་གཅོད་བྱས་ཏེ་མང་ཚོགས་ལ་བྱ་བ་དངོས་བརྒྱ་དང་དོན་གསུམ་བསྒྲུབས།
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།