མི་ཚེ་གང་བོར་གློག་བརྙན་སྟོན་པའི་ལས་ལ་རྩེ་གཅིག་ཏུ་གཞོལ་བའི་མི་རིགས་མཐུན་སྒྲིལ་གྱི་ཕོ་ཉ་སྟེ་ཏུང་ཏི་པུའུ་ཡི་གནས་ཚུལ་ཆེད་བཀོད། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་ཞང་ཅཱ་ཡུལ་ཚོའི་དར་དམར་སྡེ་བར། མིང་ལ་ཏུང་ཏི་པུའུ་ཟེར་བའི་སོག་རིགས་ཀྱི་གློག་བརྙན་སྟོན་མཁན་ཞིག་ཡོད། ཁོང་གིས་ལོ་ངོ་ཞེ་དྲུག་གི་རིང་ལ། གློག་བརྙན་སྟོན་པའི་ཐབས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་ལེའུ་འབད་པས་འབྲི་བཞིན་མཆིས། ད་ལོར་ལོ་རེ་གཉིས་ཡིན་པའི་ཏུང་ཏི་པུའུ་ནི་སྡེ་བའི་གློག་བརྙན་སྟོན་མཁན་ཡིན་པར་མ་ཟད། སྔོན་ཆད་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཡུལ་ཚོ་དང་གྲོང་རྡལ་གྱི་དམངས་ཕན་སྲིད་ཇུས་དྲིལ་སྒྲོག་མཁན་གྱི་འགན་ཁུར་མྱོང་། ཁོང་གི་སྤྱིར་བཏང་་གི་མི་ཚེ་རིང་མོ་ནི་སྤྱིར་བཏང་མ་ཡིན་པའི་བརྩོན་པའི་བཞུད་ལམ་ཅིག་ཡིན།
ཏུང་ཏི་པུའུ་ཡི་གཏམ་རྒྱུད་ནི་དུས་རབས་ལས་བརྒལ་བའི་གློག་བརྙན་གྱི་བཞུད་ལམ་རིང་མོ་ཞིག་ཡིན་ཞིང་། 1988ལོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པའི་ཚུན་ལ། ཁོང་གིས་ཐོག་མཐའ་བར་གསུམ་དུ་ཐོག་མའི་སེམས་འདུན་བརྟན་སྲུང་སྒོས་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བ་ཆེས་མཐོའི་དམིགས་འབེན་དུ་བྱས། ལོ་ངོ་བཞི་བཅུ་ལྷག་གི་རིང་ལ། ཁོང་གིས་གློག་བརྙན14080བསྟན་པ་དང་། ལམ་ཐག་སྤྱི་ལེ་ས་ཡ་གཅིག་དང་འབུམ་གཉིས་ལྷག་འདོམ་གྱིས་འཇལ་ཏེ། འགྲིམ་འགྲུལ་ཡོ་བྱད་དང་གློག་བརྙན་སྟོན་སའི་འགྱུར་ལྡོག་མིག་གིས་འཚོས་ཡོད། ཁལ་མར་འགེལ་བ་དང་ཤིང་རྟར་འདྲུད་པ། དེ་ནས་པེ་ཅིང་རྟགས་ཅན་གྱི་རླངས་འཁོར་བར་དང་། ཕྱི་རོལ་ཡུལ་ནས་གློག་བརྙན་སྟོན་པ་ནས་ཁང་བའི་ནང་སྟོན་པའི་བར། ཏུང་ཏི་པུའུ་ཡི་ཞབས་རྗེས་མཐོ་སྒང་གི་གྲུ་ཟུར་རེ་རེར་བཞག་ཡོད།
1978ལོར་ཁྱིམ་ཚང་ལ་དཀའ་ཁག་ཆེ་བའི་དབང་གིས་ཏུང་ཏི་པུའུ་སློབ་འབྲིང་ལས་ཕྱིར་བུད་དེ་འབྲོག་ཁུལ་གྱི་ཐོན་སྐྱེད་རུ་ཁག་ཏུ་སོང་ནས་རྩིས་ཐོ་འགོད་མཁན་གྱི་འགན་ཁུར་བ་དང་། ཞོར་དུ་ཡུལ་ཚོའི་དྲག་ཆས་པུའུ་ཡི་གཞི་རིམ་ལས་བྱེད་པའི་དམངས་དམག་བཅུ་ཤོག་ནང་ཞུགས། ཁོང་གིས་སེམས་ཤུགས་བརྟན་པོས་རྒྱ་ཡིག་སློབ་སྦྱོང་བྱས་པ་བརྒྱུད་མཇུག་མཐར་ཀུང་ཧྲེ་ཡི་གློག་བརྙན་སྟོན་པའི་བྱ་བའི་རུ་ཁག་གི་བློར་བབས་ཏེ། 1979ལོར་གློག་བརྙན་སྟོན་མཁན་ཞིག་ཏུ་གྱུར་བ་དང་། 1980ལོར་ཞིང་ཆེན་རིམ་པའི་རིམ་པ་བརྒྱད་པའི་གློག་བརྙན་སྟོན་མཁན་གྱི་ཐོབ་ཐང་བླངས་ནས། ཁོང་ཉིད་གློག་བརྙན་སྟོན་པའི་ལས་ལ་དངོས་སུ་ཞུགས། ཏུང་ཏི་པུའུ་ཡིས་བཤད་རྒྱུར།
ང་མི་རིགས་མཐུན་སྒྲིལ་གྱི་བྱ་དགའ་སྟེར་བའི་མཛད་སྒོར་ཞུགས་ནས། སྤྱི་ཁྱབ་ཧྲུའུ་ཅི་སྐུ་དངོས་སུ་མཐོང་བར་ངོ་མ་དགའ་ཡོད། ངས་གློག་བརྙན་བསྟན་ནས་ལོ་ཞེ་དྲུག་འགོར་སོང་། འདིའི་གོ་རིམ་ཁྲོད་ནས་དཀའ་ཁག་མང་བོ་ཞིག་བརྒྱུད་མྱོང་། རྒྱ་རིགས་དང་བོད་རིགས། སོག་རིགས་སོགས་ཀྱི་སྡེ་བ་གང་ཡིན་ཡང་ང་རང་སོང་མ་མྱོང་བ་གཅིག་ཀྱང་མེད། སྔོན་ཆད་གློག་བརྙན་སྟོན་དུས་ལམ་ཐག་རིང་བ་དང་། རྟར་ཞོན་ནས་འགྲོ་དགོས་རུང་། དེ་དཀའ་སྡུག་ཅིག་ཡིན་པར་བསམ་མ་མྱོང་། མི་རིགས་མང་བོ་འདུས་སྡོད་བྱེེད་པའི་ས་ཁུལ་ཞིག་ལ་མཚོན་ན་གློག་བརྙན་ལ་བརྟེན་ནས་ཏང་གི་སྲིད་ཇུས་དང་ཚན་རྩལ། བདེ་ཐང་སློབ་གསོ་སོགས་དྲིལ་སྒྲོག་བྱེད་པར་ཡང་ནུས་པ་ཆེན་པོ་ཐོན་ཡོད། གློག་བརྙན་སྟོན་པའི་ཞོར་ལ་ཁྱིམ་ཆས་མང་བོ་ཞིག་གསོ་བྱེད་པ་སོགས་མང་ཚོགས་ལ་ཕྱོགས་གང་ཅིའི་ཐད་ནས་རོགས་རམ་བྱས་པ་ཡིན། གློག་བརྙན་སྟོན་རྒྱུ་འདི་ངའི་དགའ་ཕྱོགས་ཤིག་ཡིན་པས། རྗེས་ཕྱོགས་ཀྱང་གློག་བརྙན་སྟོན་པའི་བྱ་བ་རྒྱུན་བསྐྱངས་ནས་མང་ཚོགས་ལ་ཞབས་ཞུ་བསྒྲུབ་རྒྱུ་ཡིན།
མཐོ་སྒང་གི་མི་རིགས་མང་བོ་འདུས་སྡོད་བྱེད་པའི་རོང་འབྲོག་ཁུལ་དུ་གློག་བརྙན་སྟོན་པ་ནི་དཀའ་ཚེགས་ཆེ་བའི་བྱ་བ་ཞིག་ཡིན་ཀྱང་། ཏུང་ཏི་པུའུ་ཡིས་ཐོག་མཐའ་བར་གསུམ་དུ་དཀའ་ཁག་ཁྱད་བསལ་བྱས་ཏེ་ལེ་བདའ་ཅི་ཡང་མེད། 1991ལོར་ཁོང་གི་ལྕམ་མོར་བྱིས་པ་སྐྱེས་དུས། ཁོང་གིས་སྡེ་བ་གཞན་ཞིག་ཏུ་བུད་མེད་དུས་ཆེན་ལ་དགའ་སྟོན་རྟེན་འབྲེལ་ཞུ་ཆེད་གློག་བརྙན་སྟོན་བཞིན་ཡོད། ཁོང་གིས་རང་གི་ལྕམ་མོར་བུ་མོ་སྐྱེས་པའི་གནས་ཚུལ་ཤེས་དུས། ཁོང་གི་སེམས་སུ་ནོངས་འགྱོད་དང་ང་རྒྱལ་གྱི་ཚོར་བ་ཞིག་མཉམ་དུ་སྐྱེས། ཁོང་གིས་རང་ཉིད་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ཆ་ནས། སྒེར་སེམས་མེད་པར་ཡོད་ཚད་འབུལ་བ་ནི་ལྷད་མེད་ཀྱི་རང་མདངས་ཡིན་པ་རྟོགས་ཡོད་པས་ཡིན།
1995ལོར། ཏུང་ཏི་པུའུ་ཡིས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་བ་དང་། ཁོང་གིས་གུང་ཁྲན་ཏང་ཡོན་གྱི་ཚད་གཞི་ལྟར་རང་ཉིད་ལ་རེ་བ་ནན་མོ་བཟུང་ཞིང་། རང་འགུལ་གྱིས་མཐའ་འཁོབ་ས་ཁུལ་དུ་གློག་བརྙན་སྟོན་དུ་འགྲོ་བའི་ལས་འགན་ཁུར་དུ་བླངས། གློག་བརྙན་སྟོན་པའི་སྐབས་སུ་ཡུལ་དུས་གང་ཡིན་ཡང་མང་ཚོགས་ལ་རོགས་རམ་མཁོ་ཚེ། ཁོང་གིས་རོགས་སྐྱོར་གྱི་ཕྱག་ཟུང་རྐྱོང་སྲིད་ལ། དེར་མི་རིགས་ཀྱི་ཁྱད་པར་དང་ཉིན་མཚན་གྱི་དབྱེ་བ་མ་མཆིས། ཁོང་གི་བྱ་སྤྱོད་དེར་རིགས་སོ་སོའི་མང་ཚོགས་ཀྱི་རྒྱབ་སྐྱོར་དང་བསྟོད་བསྔགས་རྒྱ་ཆེར་ཐོབ་ཡོད། ཏུའུ་ལན་རྫོང་ཞང་ཅཱ་ཡུལ་ཚོའི་ཁི་ཞེའོ་ཐུའུ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ལན་ཏའེ་ཆིན་གྱིས་བཤད་རྒྱུར།
ཏུང་ཏི་པུའུ་ཡིས་ལོ་ངོ་ཞེ་དྲུག་རིང་ལ། ཏུང་ཏི་པུའུ་མི་རིགས་ཀྱི་ས་ཁུལ་མང་པོར་སོང་ནས་སྡེ་བ་རེ་རེ་བཞིན་གློག་བརྙན་བསྟན་པ་དང་། དཀའ་ཁག་ཡོད་པའི་མང་ཚོགས་ལ་ནམ་རྒྱུན་དུ་རོགས་སྐྱོར་བྱས་པས། ས་གང་ལ་སོང་ཡང་མི་སུ་དང་འཕྲད་ཀྱང་བསྟོད་པའི་མཐེ་བོང་མི་བསྒྲེངས་མཁན་གཅིག་ཀྱང་མེད།ཏུང་ཏི་པུའུ་ཡིས་གློག་བརྙན་བསྟན་པ་ལས་ས་འདིའི་མང་ཚོགས་རྣམས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པར་མ་ཟད། མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།ད་ལོར་ཏུང་ཏི་པུའུ་ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་གྱི་མཚན་སྙན་ཐོབ་པ་རེད།ང་ཚོ་ཚང་མས་བློ་མཐུན་ཏུང་ཏི་པུའུ་མིག་དཔེར་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྙིང་སྟོབས་སེམས་ལ་འཛིན་པ་དང་ལག་ལེན་དུ་དོན་འཁྱོལ་བྱས་ནས་མི་རིགས་ཀྱི་མཐུན་སྒྲིལ་དང་། སྤྱི་ཚོགས་འཆམ་མཐུན། མི་དམངས་བདེ་སྐྱིད་ཀྱི་སྣང་ཚུལ་བཟང་བོ་ཆགས་སུ་འཇུག་དགོས།
ཏུང་ཏི་པུའུ་ཡིས་གློག་བརྙན་སྟོན་དུས། ཞིང་ལས་འདེབས་འཛུགས་ལག་རྩལ་དང་ནོར་ལུག་གི་གནོད་འབུའི་འགོག་བཅོས་ཤེས་བྱ་སོགས་ཚན་རྩལ་སློབ་གསོའི་གློག་བརྙན་ཀྱང་སྟོན་བཞིན་ཡོད། ལོ་རེའི་དུས་ཆེན་གལ་ཆེན་གྱི་སྐབས་སུ་ཡུལ་ཚོ་དང་གྲོང་རྡལ། སྡེ་བའི་ཨུ་ཡོན་ལྷན་ཁང་སོ་སོར་སོང་ནས་དམར་དམག་གི་གློག་བརྙན་བསྐོར་སྟོན་བྱས་པས་རོང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད། ཁོང་གི་སྒེར་གྱི་རླངས་འཁོར་དེ་ནི་འགྲིམ་འགྲུལ་ཡོ་བྱད་ཡིན་པའི་མི་ཚད། འགུལ་སྐྱོད་བྱེད་པའི་གློག་བརྙན་ཁང་ལྟ་བུ་ཞིག་ཀྱང་ཡིན། ལོ་རེར་ཆ་སྙོམས་ཀྱིས་དམར་དམག་གི་གློག་བརྙན300ལྷག་སྟོན་བཞིན་ཡོད་པ་དང་། གློག་བརྙན་སྟོན་ས་དེ་ས་ཁུལ་གསུམ་གྱི་སྲིད་འཛིན་སྡེ་བ26ལ་ཁེབས་ཡོད།
2019ལོ་ནས2024ལོའི་བར། ཞང་ཅཱ་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་གློག་བརྙན་ལས་དོན་ལ་མཐོང་ཆེན་བྱས་ཤིང་། སྡེ་བ་རེ་ནས་ཟླ་རེར་གློག་བརྙན་ཐེངས་གཉིས་རེ་སྟོན་པའི་རེ་བ་བཏོན་ནས། ཏུང་ཏི་པུའུ་ཡི་གློག་བརྙན་སྟོན་པའི་བྱ་བར་སྔར་མེད་ཀྱི་རྒྱབ་སྐྱོར་ཆེན་པོ་བྱས། མཚོ་ནུབ་ཁུལ་ཏང་ཨུ་དང་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞང་ཅཱ་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གི་མཐུན་སྦྱོར་འོག ཁུལ་ཡོངས་ཀྱི་དམར་དམག་གི་གློག་བརྙན་སྟོན་ས་གསར་འཛུགས་བྱས་ནས་མང་ཚོགས་མང་ཆེ་བས་ཕྱི་རོལ་ཡུལ་དུ་མགོ་ཐང་ལ་གློག་བརྙན་ལྟ་བའི་ལོ་རྒྱུས་མཇུག་བསྒྲིལ། ཞང་ཅཱ་ཡུལ་ཚོའི་ཞང་དབྱང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཁྲིན་ཧྲན་ཧྲིན་གྱིས་བཤད་རྒྱུར།
ཏུང་ཏི་པུའུ་ཡིས་ང་རང་ཆུང་དུས་ནས་གློག་བརྙན་སྟོན་བཞིན་ཡོད། ཁོས་ད་ལྟའི་བར་དུ་རྒྱུན་འཁྱོངས་བྱས་ནི་རེད། ཁོ་ཏུའུ་ལན་རྫོང་ཁོངས་ནས་སོང་མ་མྱོང་བའི་ས་ཆ་གཅིག་ཀྱང་མེད་། ཡུལ་ཚོ་བཞི་དང་གྲོང་རྡལ་བཞིའི་སྲིད་འཛིན་སྡེ་བ་བརྒྱ་དང་དྲུག་ཏུ་གློག་བརྙན་སྟོན་དུ་སོང་བ་དང་། ལམ་ཐག་སྤྱི་ལེ་ས་ཡ་གཅིག་དང་འབུམ་གཉིས་ལྷག་ལ་བསླེབས་ཡོད་པར་མ་ཟད། ད་ལྟའི་བར་གློག་བརྙན་ཁྲི་གཅིག་དང་སྟོང་བཞི་ལྷག་བསྟན་མྱོང་། ཁོས་རང་གི་བྱ་བར་འབད་འབད་དུང་དུང་བྱས་ནི་རེད། ད་ལོར་མི་རིགས་མཐུན་སྒྲིལ་སྔོན་ཐོན་མི་སྒེར་གྱི་བྱ་དགའ་ཐོབ་པ་དང་། ཁོའི་སྙིང་སྟོབས་དེ་ནི་ང་ཚོས་སློབ་སྦྱོང་བྱེད་སའི་མིག་དཔེ་རེད།
ཏུང་ཏི་པུའུ་ཡི་རླབས་ཆེན་བྱ་སྤྱོད་ལ་རིམ་པ་སོ་སོའི་འགོ་ཁྲིད་པ་དང་སྨྱན་བྱད་ཀྱི་དོ་སྣང་ཆེན་པོ་ཐོབ་ཡོད་ཅིང་། ཁོང་ལ2024ལོའི་མཚོ་སྔོན་ཞིང་ཆེན་གྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་པར་མ་ཟད། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་མི་སྒེར་གྱི་མཚན་སྙན་གནང་ཡོད། ཁོང་གི་བྱ་བ་ལས་ཕུལ་བྱུང་རིག་གནས་དྲིལ་སྒྲོག་བྱས་པའི་མི་ཚད། ཡུལ་ཚོ་དང་སྡེ་བའི་རིག་གནས་དར་སྤེལ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བར་བྱས་རྗེས་མི་དམན་པ་བཞག་ཡོད།
བཅར་འདྲིའི་མཇུག་ཏུ་ཏུང་ཏི་པུའུ་ཡིས་མུ་མཐུད་དུ་རང་གི་གློག་བརྙན་སྟོན་པའི་བྱ་བའི་རྒྱུན་བསྐྱངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཐད་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུའི་ཚུལ་བསྟན། ཁོང་གི་གཏམ་རྒྱུད་ནི་ཁོང་གིས་བསྟན་པའི་གློག་བརྙན་དང་འདྲ་བར། མི་རེ་རེས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱེད་པར་སྐུལ་མ་གཏོང་བཞིན་ཡོད།
གསར་འགོད་པ། བསོད་ནམས་ཚེ་རིང་། ཚེ་མགོན་རྒྱལ།
ཤ་བོ་རིན་མཚོ། ཏིང་འཛིན་མཚོ་མོ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ། དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།