ཏུའུ་ལན་རྫོང་རྒུ་རུ་ཡུལ་ཚོའི་འབྲོག་པ་མང་ཚོགས་ཀྱིས་མ་དངུལ་རང་གྲབས་བྱས་ཏེ་ཚོང་ལས་ཐོག་ཁང་ལས་ནས་ལས་ཞུགས་དང་མང་ཚོགས་ཀྱི་ཡོང་འབབ་འཕར་བར་རོགས་འདེགས་བྱས།
ཞོགས་པའི་ཉི་ཟེར་ས་གཞི་ཡོངས་སུ་འཕྲོས་པ་དང་བསྟུན་ནས་ང་ཚོ་དགུན་དུས་གཞི་རིམ་དུ་བསྐྱོད་པའི་བཅར་འདྲི་ཚན་ཆུང་ཏུའུ་ལན་རྫོང་མཁར་དང་བར་ཐག་སྤྱི་ལེ་ལྔ་བཅུས་ཆོད་པའི་རྒུ་རུ་ཡུལ་ཚོའི་ཕྱོགས་སུ་ཆས་པ་ཡིན། ལམ་བར་དུ་ཕྲེང་བསྟར་བསྒྲིགས་པའི་རི་བོའི་སྟེང་ཁ་བས་གཡོགས་ཡོད་པ་དང་། བལྟས་པ་ཙམ་གྱིས་པིར་མཁན་གྱི་སྨྱུག་རྩེ་ལས་བརྡོལ་བའི་རི་མོ་ཞིག་དང་ཀུན་ནས་མཚུངས་པར་ཡིད་སེམས་འགུག་པར་བྱེད། དུས་ཚོད་ཕྱེད་ཙམ་ལ་བསྐྱོད་རྗེས་གཞི་ནས་རྒུ་རུ་ཡུལ་ཚོ་རུ་ཐོན་པ་དང་། ཡུལ་ཚོ་དེས་ཐོན་ལས་དར་སྤེལ་ཐད་གྲུབ་འབྲས་ཅུང་བཟང་པོ་བླངས་ཡོད་པས།ང་ཚོས་དེའི་སྐོར་ནས་རྒྱུས་ལོན་བྱས་པ་ཡིན།
རྒུ་རུ་ཡུལ་ཚོ་རུ་མིང་ལ་གསེར་མོ་སྒང་ཚོང་དོན་ཁུལ་ཞེས་པའི་ཐོན་ལས་ཆེན་པོ་ཞིག་ཡོད་པ་དང་། དེ་ནི་སྦྲེ་ལུང་སྡེ་བ་དང་ཕྱུག་མང་སྡེ་བ། གྲུ་བཞི་སྡེ་བ་སོགས་སྡེ་བ་འགའི་ཁྱིམ་ཚང་བརྒྱ་དང་ལྔ་བཅུ་ལྷག་གིས་རང་མོས་ལྟར་མ་དངུལ་བསྡུ་སྒྲིག་བྱས་ཏེ་སྤྱིའི་རྒྱ་ཁྱོན་ལ་མུས་གྲུ་བཞི་སྟོང་དགུ་ཡོད་པའི་གནས་སུ་ལས་པའི་ཐོག་རྩེག་གཉིས་ཅན་གྱི་ཁང་པ་ཞིག་ཡིན་པ་དང་། རྒྱལ་ལམ་གཅིག་ཐིག་དགུའི་འགྲམ་རྒྱུད་དུ་ཡོད་ལ། གནས་དེ་རུ་ཟ་ཁང་དང་མགྲོན་ཁང་། རླངས་འཁོར་ཞིག་གསོ། ཚོང་ཁང་། གོས་འཁྲུད་ཁང་སོགས་ཚོང་ལས་སྣ་མང་གཞི་གཅིག་ཏུ་འདུས་ཡོད་པའི་ཚོང་ར་ཆེན་པོ་ཞིག་རེད།
ཐོན་ལས་ནི་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་ལ། ཕྱོགས་ཡོངས་ནས་གྲོང་གསེར་དར་སྤེལ་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ཀྱང་རེད། ཉེ་བའི་ལོ་འགའི་རིང་ལ། ཏུའུ་ལན་རྫོང་རྒུ་རུ་ཡུལ་ཚོས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་བཏང་ནས། ས་གནས་མང་ཚོགས་ཀྱི་ལས་ཞུགས་མང་པོ་ཐག་གིས་བཅད་དེ་ཡོང་སྒོ་འཕར་སྣོན་ལ་འབད་པ་བྱེད་བཞིན་མཆིས། གསེར་མོ་སྒང་ཚོང་དོན་ཁུལ་དུ་ལས་གཉེར་བྱེད་པའི་ཁྲོད། སློབ་ཆེན་ལས་སྐྲུན་པ་ཡང་ཡོད་དེ། ཁོ་ཚོས་རང་ཉིད་ཀྱི་ཕུགས་འདུན་སེམས་སུ་ཉར་ནས། སློབ་མཐར་ཕྱིན་རྗེས་གྲོང་ཁྱེར་གྱི་འདུ་འཛི་དང་ཁ་བྲལ་ཏེ། ཕྱིར་རང་གི་ཕ་ཡུལ་དུ་ལོག་ནས་རང་གིས་སྦྱངས་པའི་ཡོན་ཏན་དང་ཚོང་ལས་ཀྱི་སྤྲོ་བ་སེམས་སུ་སྒོམ་སྟེ་ལས་སྐྲུན་གྱི་ལམ་ཁར་སྙེག དབུས་ལམ་ཚོང་དོན་གསོལ་མགྲོན་ཁང་གི་འགོ་གཙོ་སངས་རྒྱས་སྐྱབས་ནི་དེའི་ཁྲོད་ཀྱི་གཅིག་ཡིན་ལ། ཁོས་སྤོབས་སེམས་ཆེན་པོས་བཤད་རྒྱུར།
ང་ཚོ་རྒུ་རུ་ཡུལ་ཚོའི་དབུས་ལམ་ཚོང་དོན་མགྲོན་ཁང་འདིར་མཚོན་ན། རྒུ་རུ་མང་ཚོགས་ཀྱིས་རྩ་འཛུགས་བྱས་ཏེ་འཛུགས་སྐྲུན་བྱས་པ་ཞིག་ཡིན་ཞིང་། ང་རང་ལ་མཚོན་ན་ལས་སྒོ་གསར་སྤེལ་གྱི་གོ་སྐབས་ཞིག་དང་བསྟུན་ནས་ཡུལ་ཚོའི་སྲིད་གཞུང་དང་། སྡེ་མི་ཚང་མས་རང་ས་གནས་ཀྱི་མིས་གསོལ་མགྲོན་ཁང་ཞིག་གཉེར་ན་བཟང་ཟེར་བས། རང་ཉིད་ཀྱིས་ཀྱང་བསམ་བློ་བཏང་མཐར་གསོལ་མགྲོན་ཁང་འདི་གཉེར་མགོ་བརྩམས་པ་ཡིན། ད་ལྟ་མཚོན་ན་མགྲོན་ཁང་འདི་གཉེར་ནས་ལེགས་འགྲུབ་ཀྱང་ཅུང་བྱུང་ཡོད་བསམ། གསོལ་མགྲོན་ཁང་འདི་རུ་སློབ་ཆེན་སློབ་མ་དང་། རང་ས་གནས་ཀྱི་མང་ཚོགས་ལ་ལས་ཞུགས་ཀྱི་གོ་གནས་ཚད་དང་རན་པ་ཞིག་སྤྲད་ཡོད་ལ། རྒུ་རུ་ཡུལ་ཚོའི་སྡེ་བ་གསུམ་གྱིས་སྤྱི་གཉེར་ཁང་འདིའི་ནང་མ་རྐང་བཞག་པའི་ཐད་ནས་ཀྱང་ལོ་རེར་སྒོར་འབུམ་ལྔའི་ཡོང་སྒོ་བགོ་བཤའ་རྒྱག་བཞིན་ཡོད།
གནས་དེར་ལས་སྐྲུན་བྱེད་པའི་སློབ་ཆེན་སློབ་མ་ཁོ་གཅིག་པུ་མ་ཡིན་པར། ཁོ་ཚོས་ཕ་ཡུལ་གྱི་ཐོན་ཁུངས་ཁྱད་སྟོབས་བེད་སྤྱོད་གང་ལེགས་བྱེད་པ་དང་ཆབས་ཅིག དེང་རབས་ཀྱི་ཚན་རྩལ་གསར་སྐྲུན་གྱི་འདུ་ཤེས་ལ་ཟུང་འབྲེལ་བྱས་ཏེ། རང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་འདོན་སྤྲོད་བྱེད་བཞིན་ཡོད་པས། ས་གནས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ལ་རོགས་སྐྱོར་བྱས་ཡོད་པར་མ་ཟད། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཡང་གསོན་ཤུགས་གསར་བ་བསྣན་ཡོད། དང་ཐོག་ཐོག་ཁང་དེ་འཛུགས་སྐྲུན་བྱེད་སྐབས་དཀའ་ལས་མང་པོར་འཕྲད་མྱོང་མོད། འོན་ཀྱང་། གོང་རིམ་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོའི་འོག་དཀའ་ངལ་མཐའ་དག་ཁྱད་བསལ་བྱས་ནས། ད་ལྟ་ཚོང་རའི་འཁོར་སྐྱོད་ཀྱི་རྣམ་པ་བཟང་ལ། མང་ཚོགས་ཀྱི་སེམས་སུ་སྤྲོ་བས་ཁེངས་ཡོད། མ་རྐང་འཇོག་མཁན་བྱང་ཆུབ་རྡོ་རྗེ་ཡིས་བཤད་རྒྱུར།
དང་ཐོག་ང་ཚོ་ཁྱིམ་ཚང་བརྒྱ་ལྷག་གིས་མ་རྐང་སྒོར་བྱེ་བ་གཉིས་ཙམ་བཏང་ནས་ཐོག་ཁང་འདི་འཛུགས་སྐྲུན་བྱས་པ་ཡིན། དེ་ནས་དྲོད་རླངས་དང་ཆུ། གློག་སོགས་འཐེན་པའི་ཐད་དཀའ་ཁག་མང་པོར་འཕྲད་པ་དང་། དེ་ནས་ཡུལ་ཚོ་མི་དམངས་སྲིད་གཞུང་གི་རྒྱབ་སྐྱོར་འོག གོང་གི་གནད་དོན་དེ་དག་ཐག་གཅོད་བྱས་ལ། ད་ལྟ་ལོ་རེའི་ཡོང་སྒོ་སྒོར་ས་ཡ་གཅིག་ལྷག་ཡོད། རང་ཉིད་མ་རྐང་འཇོག་མཁན་ཞིག་ཡིན་པའི་ངོས་ནས། མ་རྐང་བཞག་རྗེས་བརྟན་འཇགས་ཀྱི་ཡོང་སྒོ་འདི་ལྟ་བུ་ཞིག་ཡོད་པས་རང་ཉིད་ཀྱི་ཡིད་ཚིམས་ཡོད།
རྒུ་རུ་ཡུལ་ཚོས་ལེགས་འགྲུབ་ཀྱི་ཉམས་མྱོང་འདིས་ས་གནས་གཞན་དག་ལ་ཡང་དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་མང་པོ་བསྩལ་ཡོད་པ་དང་། མཉམ་ལས་ཀྱི་རྣམ་པ་འདིས་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་དང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཡང་སྐུལ་སྤེལ་གང་ལེགས་བྱས་ཡོད་པས། གྲོང་གསེབ་དར་སྤེལ་ལ་ཡང་གསོན་ཤུགས་ཆེན་པོ་བསྣན་ཡོད། རྒུ་རུ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་བསོད་ཁོ་ཡིས་བཤད་རྒྱུར།
རྒུ་རུ་ཡུལ་ཚོའི་གྲོང་གསེབ་དར་སྤེལ་གྱི་ཐད་ནས།2021ལོར་རྒྱལ་ཡོངས་ཀྱི་གོང་འོག་བར་གསུམ་ནས་གྲོང་གསེབ་དར་སྤེལ་གྱི་བྱ་བ་འགོ་བརྩམས་རྗེས། ང་ཚོས་ཀྱང་རིམ་པ་སོ་སོའི་ཏང་དང་སྲིད་གཞུང་གི་བཀོད་སྒྲིག་འོག་བྱ་བ་སྒྲུབ་པ་ཡིན། གྲོང་གསེབ་དར་སྤེལ་གྱི་ཆེས་གཙོ་གནད་ནི་ཐོན་ལས་ལ་བརྟེན་ནས་མང་ཚོགས་ཀྱི་ཡོང་འབབ་མཐོར་འདེགས་གཏོང་རྒྱུ་གནད་འགག་རེད། རྒྱུ་མཚན་དེར་དམིགས་ནས་ང་ཚོས་ཀྱང་མང་ཚོགས་ལ་སྐུལ་སློང་བྱས་ཏེ། ང་ཚོ་རྒུ་རུ་ཡུལ་ཚོའི་སྡེ་བ་གསུམ་གྱི་ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས། སྤྱི་གཉེར་ཁང་ཞིག་བཙུགས་པ་དང་། མང་ཚོགས་གང་མང་ཞིག་ཀྱང་སྤྱི་གཉེར་ཁང་དེའི་ནང་ཞུགས་ཡོད་ལ། མང་ཚོགས་རེ་རེའི་རྩྭ་སའི་ཁ་གསབ་ལ་སོགས་མཉམ་དུ་བསྡུ་རུབ་བྱས་ནས། མཉམ་འབྲེལ་གྱིས་ཚོང་ར་ཞིག་བཙུགས་ནས། ད་ལྟ་ཚོང་ར་དེའི་ཡོང་འབབ་གཏན་འཇགས་ཡིན། ད་ལོ་ལྟ་བུར་མཚོན་ན། ཚོང་ར་འདིའི་ཡོང་འབབ་སྒོར་ས་ཡའི་ཡན་དུ་བསླེབས་ཡོད།
སྲིད་ཇུས་བཟང་པོའི་རྒྱབ་སྐྱོར་དང་ས་གནས་མང་ཚོགས་ཀྱི་འབད་བརྩོན་འོག ཐོན་ལས་འཕེལ་རྒྱས་ཀྱིས་སྔར་ལས་བཟང་པོའི་གྲུབ་འབྲས་བརྩོན་ལེན་བྱེད་སྲིད་ལ། དུས་རབས་འཕེལ་རྒྱས་ཀྱི་གོམ་འགྲོས་དང་བསྟུན་ནས་བརྩོན་པར་སྙེག་པའི་ན་གཞོན་རྣམས་ཀྱིས་ཀྱང་དེ་ལས་བཟང་པོའི་གྲུབ་འབྲས་ལེན་སྲིད།
གསར་འགོད་པ། བསོད་ནམས་ཚེ་རིང་། ཚེ་མགོན་རྒྱལ།
ཤ་བོ་རིན་མཚོ། ཏིང་འཛིན་མཚོ་མོ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།