ཟླ1ཚེས21ཉིན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་པད་ཁོ་གདན་ཞུས་ལྟར་གྲོས་ཚོགས་ལ་ཞུགས། རིན་ཆེན་རྣམ་རྒྱལ་དང་ཁོང་ཡུང་། ཝང་ཞོན། ཝང་ཀྲིན་ཁྲང་། ཀྲང་ཞའོ་རོང་། མཱ་ཧྥིན་ཧྲིན། ལིས་ཞའོ་ནན། ཐེན་ཁུའེ། ལིའུ་ཏ་ཡེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡུའེ་ཞང་། ཕིན་ཡིའུ་ཏུང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བཅས་མི་རེ་བཞི་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ནས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དོན་དྲུག་པའི་དགོངས་དོན་སློབ་སྦྱོང་དང་རྒྱུད་སྒྲོག་བྱས། གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་བསྡུ་བའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་བ་དང་མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་ཟླ་དང་པོའི་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་བདུན་ཉིན་བར་ཟི་ལིང་དུ་བསྡུ་རྒྱུ་རེད། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་རིམ་འཆར་ཟིན་དང་ཉིན་རིམ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་གྲོས་ཞིབ་བྱེད་པར་སྤྲོད་པའི་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་སྙན་ཞུ་འབུལ་མཁན་གྱི་མིང་ཐོ་བཅས་ཁྱབ་བསྒྲགས་བྱས། ཏང་ཡོན་རྒྱུན་ལས་འཐུས་མིའི་འགན་སྒྲུབ་སྙན་ཞུ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ལོ་ཧྲིལ་བོའི་བྱ་བའི་ཡར་ཞུ་ལ་ཉན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་འདོན་སྒྲུབ་གཉེར་གནས་ཚུལ་ལ་ཁྱབ་བསྒྲགས་བྱས། འབྲེལ་ཡོད་མི་དོན་བྱ་བར་གྲོས་ཞིབ་བྱས།
གྲོས་ཚོགས་ནས་བསྟན་དོན། སྐབས་གསར་བའི་ཞིང་ཆེན་སྲིད་གྲོས་ཀྱི་ལས་དོན་མགོ་བརྩམས་པ་ནས་བཟུང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ལ། བདེན་སྲུང་གསར་གཏོད་དང་ཁག་ཁུར་བྱེད་ཕོད་པ། འགན་སྒྲུབ་ཁག་ཁུར་བྱས་ནས་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་སྣེ་ཁྲིད་དུ་བྱས་ཏེ། དཀྱིལ་སྙིང་ལ་དམིགས་ནས་སྲིད་གླེང་གྲོས་མོལ་བྱེད་པ་དང་ཉམས་ཞན་སར་དམིགས་ནས་འགན་སྒྲུབ་ནུས་པ་མཐོ་འདེགས་གཏོང་བ། ཆབ་སྲིད་འཛུགས་སྐྲུན་ལ་དམིགས་ནས་ཏང་གི་མགོ་ཁྲིད་ཇེ་དྲག་ཏུ་བཏང་ནས་ས་གནས་བཅོས་སྐྱོང་མ་ལག་ཁྲོད་ཀྱི་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ལེགས་ཆ་དང་ནུས་པ་འདོན་སྤེལ་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་ཕུལ།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཆབ་སྲིད་དང་སྤུས་ཚད། ཁག་ཁུར། སྒྲིག་ལམ་བཅས་གླེང་བ་དང་། རྣམ་རིག་དོད་པའི་རྣམ་པ་དང་མཐོ་ཚད་ཅན་གྱི་ཆབ་སྲིད་ལངས་གནས། འགན་འཁྲིའི་ཁག་ཁུར་དྲག་པོས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་མགོ་ཡག་པོ་རྩོམ་དགོས། འདྲི་གཞི་ཞིབ་མོར་འདེམ་པ་དང་རྟོག་ཞིབ་ནན་མོ་བྱེད་པ། ཞིབ་འཇུག་གཏིང་ཟབ་བྱེད་པ། ཞབས་ཞུ་ལེགས་པར་སྒྲུབ་པ། མང་བཀོད་གྲོས་གཞི་གྲ་སྒྲིག་ནན་མོ་བྱས་ནས་ཚད་མཐོ་བའི་ཆབ་སྲིད་ཁག་ཁུར་གྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲ་སྒྲིག་བྱ་བ་བཟང་པོར་སྒྲུབ་དགོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རྩ་བའི་ལས་འགན་ལ་དམིགས་ནས་ད་ལོའི་བྱ་བ་སོ་སོར་འཆར་འགོད་བྱེད་དགོས་ལ། བདེན་སྲུང་གསར་གཏོད་དང་ཁག་ཁུར་དང་བྱས་རྗེས་བཞག་ནས་ལོ་ཧྲིལ་བོའི་བྱ་བ་སོ་སོ་གོ་རིམ་ལྡན་པའི་ངང་སྤེལ་བར་ཁག་ཐེག་བྱེད་དགོས།
མི་ཕམ་མགོན་པོས་བསྒྱུར།