ཟླ་དང་པོའི་ཚེས་བཅུ་དགུ་ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་འདོན་གྲོས་གཞིའི་གྲ་སྒྲིག་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། གྲོས་ཚོགས་ནས་ཉིས་སྟོང་ཉེར་གསུམ་ལོའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་འདོན་གྲོས་གཞིའི་འབྲེལ་ཡོད་གནས་ཚུལ་ཁྱབ་བསྒྲགས་བྱས། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་ཚོགས་འདུར་ཞུགས་ནས་གཏམ་བཤད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་དབྱང་ཧྥུན་ཁྲུན་གྱིས་མགོ་འཛིན་བྱས། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་མཱ་ཧྲི་གུང་དང་མཱ་ཧྥུའུ་ཁྲང་། ཝང་གོ་ཏུང་། པུས་ཧྲིན་ལུང་། ལིའུ་ཞའོ་རོང་། ཞུའུ་ཆིན་མེན། གོ་ཅིན་ཕེང་། ཏུང་ཆོན་མེན། ཅང་ཀྲི་ཀང་བཅས་ཚོགས་འདུར་ཞུགས་པ་དང་། ཞིང་ཆེན་སྲིད་གཞུང་དང་ཏང་ཨུ། མི་དམངས་ཞིབ་དཔྱོད་ཁང་དང་མི་དམངས་ཁྲིམས་ཁང་། དེ་མིན་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྱིས་གནས་ཚུལ་སྙན་ཞུ་བྱས།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། འབྲེལ་ཡོད་སྡེ་ཁག་སོ་སོས་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། མུ་མཐུད་དུ་དམངས་ཆེན་འཐུས་མི་དང་ཆེད་དོན་བྱ་བའི་ཨུ་ཡོན་ལྷན་ཁང་སོ་སོའི་བར་གྱི་འབྲེལ་འདྲིས་དང་སྦྲེལ་མཐུད་ལ་ཤུགས་སྣོན་བྱས་ཤིང་། དབྱེ་ཞིབ་དང་བརྡར་གཅོད་ལ་ཤུགས་སྣོན་དང་ལེགས་སྒྲིག་འཐུས་ཚང་དུ་གཏོང་བ་དམ་འཛིན་བྱས་ཏེ། འཐུས་མིའི་གྲོས་འདོན་གྲོས་གཞི་གནད་ལ་འཁེལ་བ་དང་དོན་དངོས་དང་མཐུན་པ། དངོས་འབེབས་ཐུབ་པ་བཅས་ལ་འགན་སྲུང་བྱས་ནས། ཚོགས་ཆེན་ལ་ལེགས་འགྲུབ་འབྱུང་བར་གྲ་སྒྲིག་གང་ལེགས་བྱེད་དགོས། ནན་ཏན་གྱིས་ཞིབ་འཇུག་བྱས་ནས་གྲོས་འདོན་གྲོས་གཞིའི་སྤུས་ཚད་མཐོ་བར་འགན་སྲུང་དང་། རང་ཞིང་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དོན་དངོས་དང་ཟུང་འབྲེལ་བྱས་ནས། ཁ་གྲངས་སྔར་ལས་མང་ཞིང་སྤུས་ཚད་སྔར་ལས་ལེགས་པའི་གྲོས་གཞི་འདོན་དགོས། ཞབས་ཞུའི་འགན་སྲུང་དམ་འཛིན་བྱེད་པ་དང་དུས་སྐབས་སྔོན་མའི་བྱ་བ་ཞིབ་ཚགས་སུ་དངོས་འབེབས་བྱས་ཏེ། ཚོགས་འདུའི་སྔོན་དང་ཚོགས་འདུའི་སྐབས་སུ་འཐུས་མིའི་གྲོས་ཞིབ་གཏམ་བཤད་དང་གྲོས་གཞི་འདོན་པར་ཞབས་ཞུའི་བྱ་བ་བཟང་བོར་བསྒྲུབས་དགོས་ལ། དུས་ངེས་མེད་དུ་འབྲེལ་འདྲིས་དང་འགྲེལ་བརྗོད་བྱེད་པར་འགན་སྲུང་བྱས་ནས་འདྲ་མཚུངས་ཀྱི་གྲོས་གཞིར་མཉམ་དུ་ལན་འདེབས་པ་དང་ཁ་ཕྱོགས་གཅིག་ལ་ཤུགས་བཏོན་ཏེ། འཐུས་མིའི་གཏམ་བཤད་དང་གྲོས་གཞི་དག་ལུགས་ཡོད་ཁུངས་ཡོད་ཡོང་བར་འགན་སྲུང་བྱེད་དགོས། འཐུས་མིའི་ནུས་པ་གཙོ་བོ་འདོན་སྤེལ་གང་ལེགས་བྱས་ཤིང་། སྔར་ལས་ལྷག་པའི་ཆབ་སྲིད་བརྩེ་བ་དང་སྔར་ལས་དྲག་པའི་འགན་འཁྲིའི་ཁག་ཁུར་གྱིས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པ་དང་། མི་དམངས་ཀྱི་རེ་བཅོལ་སྟོང་ཟད་དུ་མ་བཏང་བར་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་མགྲིན་ཚབ་པ་བྱས་ཏེ། མཚོ་སྔོན་འཐུས་ཚབ་ཚོགས་པའི་སྣང་བརྙན་བཟང་བོ་ཆགས་པར་བྱེད་པ་དང་ཚོགས་ཆེན་གྱི་གྲོས་རིམ་སོ་སོ་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་དགོས།
བསོད་ནམས་ཚེ་རིང་གིས་བསྒྱུར།