ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པས་ཚན་ཁག་བགོས་ཏེ་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས།
2024.01.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ1ཚེས24ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་འཐུས་མིས་ཚན་ཁག་བགོས་ཏེ་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས། འཐུས་ཚབ་ཚོགས་པ་སོ་སོའི་འཐུས་མིས་སྙན་ཞུའི་ནང་དོན་དང་འབྲེལ་ནས་གཏམ་བཤད་གང་ལེགས་བྱས་པས། གྲོས་ཞིབ་ཡུལ་དངོས་ཀྱི་རྣམ་པ་འཁྲུག་ཆ་དོད་པོ་དང་། གྲོས་སྡུར་ལ་སྤྲོ་སེམས་ཀྱིས་ཁེངས་ཡོད།

གྲོས་ཞིབ་ཁྲོད། འཐུས་མི་ཚོས་གཅིག་གྱུར་གྱིས་བལྟས་ན། སྙན་ཞུའི་མགོ་མཇུག་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཁྱབ་པར་བྱས་པ་དང་།  གྲུབ་འབྲས་སྤྱི་བསྡོམས་བྱས་པ་དོན་དངོས་དང་མཐུན་ལ། གནས་བབ་ལ་དབྱེ་ཞིབ་བྱས་པ་ཕྱོགས་ཡོངས་དང་གཏིང་ཟབ་ཅིང་། དམིགས་འབེན་གཏན་ཁེལ་བྱས་པའང་མིག་རྒྱང་རིང་ཞིང་དོན་མཐུན་ཡིན་པ། བྱ་བ་བཀོད་སྒྲིག་བྱས་པ་ཤུགས་ཡོད་གནད་ཁེལ་ཡིན་པས། དར་ཆ་མཐོན་པོར་བསྒྲེངས་ཤིང་དངོས་ཐོག་བདེན་འཚོལ་ཡིན་པ་དང་།  མི་སེམས་ལ་སྐུལ་མ་ཐེབས་ཤིང་སྟོབས་ཤུགས་གཅིག་ཏུ་བསྡུ་བའི་སྙན་ཞུ་བཟང་པོ་ཞིག་ཡིན་པར་འདོད།

འཐུས་ཚབ་ཚོགས་པ་སོ་སོའི་གྲོས་ཞིབ་ཚོགས་རར། ལས་རིགས་མི་གཅིག་པ་དང་། ཁྱབ་ཁོངས་མི་འདྲ་བའི་དམངས་ཆེན་འཐུས་མི་མཉམ་དུ་འཛོམས་ནས་བྱ་བའི་ལག་ལེན་དང་ཟུང་འབྲེལ་བྱས་ཏེ་མྱོང་ཚོར་གླེང་། འཐུས་མི་རྣམས་ཀྱིས་བལྟས་ན། འདས་པའི་ལོ་གཅིག་ནང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སེམས་ཤུགས་གཅིག་བསྡུས་བྱས་ཏེ། གོ་སྐབས་དམ་འཛིན་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། དངོས་སྒྲུབ་ཁག་ཁུར་གྱིས་དངོས་འབེབས་དམ་འཛིན་བྱས་ཤིང་། དཔལ་འབྱོར་མུ་མཐུད་འཕེལ་རྒྱས་དང་ཀྱག་ཀྱོག་སྒོས་མདུན་སྐྱོད་བྱས་པས། ལོ་ཧྲིལ་བོའི་དཔལ་འབྱོར་འཁོར་སྐྱོད་ཀྱིས་རིམ་བཞིན་འཕེལ་རྒྱས་དང་དར་སྤེལ། བརྟན་འཇགས་བཅས་ཀྱི་རྣམ་པ་གྲུབ་པར་བྱས་ལ། སྤྱིའི་ཆ་ནས་བཟང་ཕྱོགས་སུ་འཕེལ་ནས། དམིགས་འབེན་ལས་འགན་གཙོ་བོ་བདེ་ལེགས་ངང་འགྲུབ་པར་བྱས་ཤིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། འཕེལ་རྒྱས་ཀྱི་བརྟན་འཇགས་རང་བཞིན་དང་། མཐུན་སྦྱོར་རང་བཞིན། རྒྱུན་སྲིང་རང་བཞིན་སྔར་ལས་ཤུགས་དྲག་ཏུ་བཏང་ཡོད་པས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་པར་གོམ་སྟབས་བརྟན་པོ་སྤོས་ཡོད། གྲུབ་འབྲས་འདི་དག་ལེན་ཐུབ་པའི་རྩ་བ་དེ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་མཛུབ་སྟོན་ཡོད་པས་ཡིན་ལ། ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་དང་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་མཁྲེགས་གཏོར་དཀའ་སེལ་བྱེད་པར་རེག་ལས་པ་ཞིག་རེད།

འཐུས་མི་རྣམས་ཀྱིས་མྱོང་ཚོར་གླེང་ཞིང་བསམ་ཚུལ་བཏོན་ནས་རང་རང་གི་ལྟ་ཚུལ་བཤད། ཚང་མས་གཅིག་གྱུར་གྱིས་བསྟན་དོན། སྲིད་གཞུང་བྱ་བའི་སྙན་ཞུས་ད་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་གསལ་བོར་བཏོན་པ་དང་། ཕྱོགས་བརྒྱད་ཀྱི་ལས་དོན་ཏན་ཏིག་སྒོས་ཡག་པོར་བསྒྲུབ་དགོས་པ་བསྟན་ལ། དམིགས་འབེན་གསལ་ཞིང་བྱེད་ཐབས་ཆ་ཚང་རེད། དོན་འཁྱོལ་བཀའ་རྒྱ་བསྒྲགས་པས་འགན་འཁྲི་ཕྲག་ཏུ་ལྕི། འཐུས་མི་རྣམས་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་སྒོས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། མངག་བཅོལ་ཡིད་ལ་འཛིན་པ་དང་། དྲིན་ཚོར་ཡར་བརྩོན་བྱེད་པ། མཐུན་སྒྲིལ་འབད་འཐབ་དང་ཞུམ་མེད་མདུན་སྐྱོད། སེམས་ཤུགས་གཅིག་སྒྲིལ་བཅས་བྱས་ནས་བསྐྱོད་ལམ་གསར་བའི་སྟེང་སྔར་ལས་འོད་སྟོང་འབར་བའི་མཚོ་སྔོན་གྱི་ལེའུ་འབྲི་རྒྱུ་ཡིན་ཟེར།

                                                                                           རིག་འཛིན་སྒྲོལ་མས་བསྒྱུར།