མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་གཉིས་པས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས།
2024.01.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 7

མཚོ་སྔོན་ཞིང་ཆེན་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་གཉིས་པས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས།

ཟླ 1པོའི་ ཚེས 24 ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པས་དངོས་སྒྲུབ་ཀྱིས་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ཅེས་པ་བརྗོད་བྱ་གཙོ་བོར་བྱས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས། ཁྱབ་བསྒྲགས་ཚོགས་འདུ་ཡིས2024 ལོའི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་དམིགས་པ་དང་། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་ནགས་ལས་དང་རྩ་ཐང་ཅུའུ། མཚོ་ཤར་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ལས་ཁུངས་དྲུག་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་གདན་དྲངས་ནས་ཞིང་ཆེན་ཡོངས་ཀྱི 2023 ལོའི་ཚུན་གྱི་འཕེལ་རྒྱས་བཅོས་སྒྱུར་དང་ལས་ཞུགས། སྐྱེ་ཁམས། རིག་གནས་ཡུལ་སྐོར། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་ཅི་ཧྲིའི་ཧྲན་གྱི་ཚད་རིམ 6. 2ཀྱི་ས་ཡོམ་ལས་མཚོ་ཤར་གྲོང་ཁྱེར་གྱི་གནོད་འཚེ་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་སོགས་ཐད་བླངས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་བྱ་བར་སྐུལ་འདེད་བཏང་བའི་གནས་ཚུལ་ཐད་ནས་གསར་འགྱུར་ཁྱབ་བསྒྲགས་བྱས།

གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི། ཀྲུའུ་རིན་གཞོན་པ་ཏེན་ཡུང་ཧྲུན་གྱིས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་གོ་སྐབས་དམ་འཛིན་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་ཕྱོད་གསར་པ་གཏོད་པ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་ཏང་ཙུའུ་ཁོངས་མི། ཐིན་ཀྲང་གཞོན་པ་ཀུའོ་ཀོང་ཞ་ཡིས2023ལོའི་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་བཟོ་སྐྲུན་སྤེལ་ཚུལ་དང2024ལོའི་ལས་གནས་བརྟན་གཏོང་གི་ལས་ཞུགས་གཙོ་གནད་ལས་དོན་ངོ་སྤྲོད་བྱས། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱི་ཏང་ཙུའུ་ཁོངས་མི། ཐིན་ཀྲང་གཞོན་པ་ཨན་ཧྲི་ཡོན་གྱིས་ཞིང་ཆེན་ཡོངས་ཀྱིས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་མཐོ་ས་བཏོད་དེ་མཛེས་སྡུག་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱི་ཏང་ཙུའུ་ཁོངས་མི། ཐིན་ཀྲང་གཞོན་པ་ཀིན་པེན་གྱིས་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་བྱས་ཚུལ་ངོ་སྤྲོད་བྱས་ཤིང་། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཏང་ཙུའུ་ཁོངས་མི། ཅུའུ་ཀྲང་གཞོན་པ་ཧན་ཆང་གིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་ལ། མཚོ་ཤར་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་ཡེ་མེན་གྱིས་མཚོ་ཤར་གྲོང་ཁྱེར་གྱི་གནོད་རྗེས་བསྐྱར་སྐྲུན་དང་དམངས་ཚིས་འགན་སྲུང་གི་བྱ་བ་སོ་སོ་སྤེལ་བའི་གནས་ཚུལ་ངོ་སྤྲོད་བྱས། 

གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་དེ་ཚོགས་ཆེན་གྱི་དྲིལ་བསྒྲགས་ཚན་ཆུང་གི་ཚན་གཙོ་གཞོན་པ་ཧྥིན་ཆིན་དབྱི་ཡིས་འགོ་འཛིན་བྱས་པ་དང་། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་གསར་འགྱུར་ལས་ཁུངས་དང་ཞིང་ཆེན་རིམ་པའི་གསར་འགྱུར་སྨྱན་བྱད་ཀྱི་ཚོགས་ཆེན་གཉིས་ལ་ཞུགས་པའི་གསར་འགོད་པ་ཚོགས་འདུར་ཞུགས། 

ཤ་བོ་གསེར་མཚོས་བསྒྱུར།