ཝུའུ་ཞའོ་ཅུན་མཚོ་ཤར་འཐུས་ཚབ་ཚོགས་པའི་མཉམ་འབྲེལ་ཚན་ཆུང་གི་གྲོས་ཞིབ་ལ་ཞུགས།
2024.01.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ1ཚེས24ཉིན་གྱི་ཕྱི་དྲོར།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།  ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཁོ་ཡོད་སའི་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་མཚོ་ཤར་འཐུས་ཚབ་ཚོགས་པའི་མཉམ་འབྲེལ་ཚན་ཆུང་གི་གྲོས་ཞིབ་ལ་ཞུགས།   ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ལྷག་ལུས་མེད་པར་དོན་འཁྱོལ་བྱེད་པ་དང་།  ཞིང་ཆེན་ཏང་ཨུའི་ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ།   རང་གཅུན་ནན་མོ་བྱེད་དགོས་པ་བཅས་ཀྱི་བྱ་བའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་དུས་དང་བབ་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་།    འཛུགས་དང་བརྟོལ་འབུར་དུ་ཐོན་པར་བྱེད་པ།   ཚད་དང་སྤུས་མཉམ་དུ་འཛིན་པ།  རང་རྟོགས་ངང་ཞིང་ཆེན་ཡོངས་ཀྱི་སྤྱིའི་བཀོད་སྒྲིག་དང་རྒྱལ་ཁབ་སྤྱི་ཡོངས་ཁྲོད་འདྲེས་པར་བྱས་ཏེ་དེང་རབས་ཅན་གྱི་མཚོ་ཤར་གསར་པ་འཛུགས་སྐྲུན་སྟེང་སྔར་ལས་བཟང་བོར་བསྐྱོད་པར་འབད་པ་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཞིབ་ཁྲོད་དུ།  ལིའུ་ཆི་ཧྥན་དང་ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལིས་ཧན། ཉི་མ་སྒྲོལ་མ།   ལིའུ་ཐུང་ཏི།   ཝང་ཧྭ་ཅེ།    ཝང་ཧྲིན་ཅང་།   མའོ་ཞུའེ་ཧུང་།    ཡོན་ལིན།    ཚེ་དར་སྐྱིད།   ཧྥུའུ་ཆང་།   རིན་ཁྲིན་དབྱི་སོགས་འཐུས་མིས་སྔ་རྗེས་སུ་གཏམ་བཤད་དེ།   སྲིད་གཞུང་བྱ་བའི་སྙན་ཞུར་གདེང་འཇོག་མཐོན་པོ་བྱས་པར་མ་ཟད།   ཐོན་ལས་གནས་བཞི་འཛུགས་སྐྲུན་དང་ཞིང་བའི་ཡོང་སྒོ་འཕར་བ།   གནོད་རྗེས་སླར་གསོ་བསྐྱར་འཛུགས།   སློབ་གསོའི་ལས་དོན་འཕེལ་རྒྱས།    བཟོ་ལས་གླིང་ཁུལ་འཛུགས་སྐྲུན།    རྫོང་ཁོངས་དཔལ་འབྱོར་གྱི་སྤུས་འདེགས་ནུས་སྤེལ།   གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་སོགས་ཀྱི་ཐད་བློ་འདོན་ཇུས་འབུལ་བྱས།    ཝུའུ་ཞའོ་ཅུན་གྱིས་ནན་ཏན་སྒོས་འཐུས་མིའི་གཏམ་བཤད་ལ་ཉན་པ་དང་འཐུས་མི་རྣམས་དང་བརྗེ་རེས་གྲོས་བསྡུར་བྱས་པས།   ཚོགས་ར་ཡོངས་སུ་གྲོས་བསྡུར་གྱི་རྣམ་པ་བཟང་བོ་མངོན།

ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར།  འདས་ཟིན་པའི་ལོ་གཅིག་ལ་ཕྱིར་དྲན་བྱས་ཚེ།   བརྒྱུད་རིམ་ཧ་ཅང་དཀའ་ཚེགས་ཆེ་ཞིང་གྲུབ་འབྲས་ནི་ཐོབ་སླ་མོ་ཞིག་མིན་ལ། ད་ལོའི་བྱ་བར་རྒྱང་ལྟ་བྱས་ཚེ།    གོ་སྐབས་དང་འགྲན་རྩོད་མང་པོ་ཡོད་པ་དང་།   ལས་འགན་ལྕི་ཞིང་དཀའ་ཚེགས་ཆེ་བ་ཞིག་རེད།   འཕེལ་རྒྱས་གྲུབ་འབྲས་ལ་ངོས་འཛིན་ཟབ་མོ་བྱས་ཏེ་ཡིད་ཆེས་དང་ཆོད་སེམས་ཇེ་དྲག་ཏུ་གཏོང་དགོས།    བསམ་ཕྱོགས་དམིགས་འབེན་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་བྱ་བའི་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱེད་པ།    འབད་བརྩོན་སྔར་ལས་ཆེན་པོ་བྱས་ཏེ་གྲུབ་འབྲས་བཟང་བོ་བརྩོན་ལེན་བྱེད་དགོས།   ལས་འགན་གཙོ་བོར་ངོས་འཛིན་ཟབ་མོ་བྱས་ཏེ་རང་འགུལ་གྱིས་མདུན་དུ་བསྐྱོད་པ་དང་འགན་འཁྲི་ཁག་ཁུར་བཟང་བོ་བྱེད་དགོས།   བྱ་བའི་བླང་བྱར་ངོས་འཛིན་ཟབ་མོ་བྱས་ཏེ་ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ།   རང་གཅུན་ནན་མོ་བྱེད་དགོས་པ་བཅས་རྒྱུན་འཁྱོངས་བྱས་ནས་དཔའ་ངར་ཆེར་བསྐྱེད་ཀྱིས་སྔོན་ཐོན་བརྩོན་ལེན་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས་ཟེར།

ཝུའུ་ཞའོ་ཅུན་གྱིས་མཚོ་ཤར་གྲོང་ཁྱེར་གྱིས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་བཞག་པའི་བྱས་རྗེས་ལ་ཁས་ལེན་གང་ལེགས་བྱས་པ་དང་།    བྱ་བ་སོ་སོ་བཟང་བོར་བསྒྲུབ་པའི་ཐད་བླང་བྱ་བཏོན།   ཁོས་བཤད་རྒྱུར།    སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཡུན་རིང་གཏན་ཤུགས་མུ་མཐུད་དུ་སྲུང་འཛིན་བྱེད་པ་དང་རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་བཟུང་སྟེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་འགག་ཇེ་དྲག་ཏུ་གཏོང་བ་དང་སྐྱེ་ཁམས་སྲུང་སྐྱོབ་སླར་གསོར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ།   འབག་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་བཟང་བོར་རྒྱག་པ།    ཐཱན་གཉིས་བྱ་བར་གཏན་འཇགས་དང་གོ་རིམ་ཡོད་པའི་སྒོ་ནས་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྐྱེ་ཁམས་བདེ་འཇགས་འགོག་ར་བརྟན་པོར་འཛུགས་པའི་ཁྲོད་ཁག་ཁུར་གསར་པ་མངོན་པར་བྱེད་དགོས།   སྤྱི་ཡོངས་ཁྲོད་ཁུལ་ཁོངས་གཅིག་ལ་འཆར་འགོད་བྱེད་པའི་འགུལ་སྐྱོད་རང་རྟོགས་མུ་མཐུད་དུ་སྲུང་འཛིན་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཤུགས་འདོན་ས་ཡང་དག་པར་འཚོལ་བ་དང་དགེ་མཚན་ཐོན་ལས་སྟོབས་ལྡན་དུ་གཏོང་བ།   ཚོང་འགུག་དངུལ་འདྲེན་བཟང་བོར་བསྒྲུབ་པ།   གླིང་ཁུལ་གྱི་དཔལ་འབྱོར་ལེགས་པོར་གཉེར་བ་བཅས་བྱས་ནས་ཐོན་ལས་གནས་བཞི་འཛུགས་སྐྲུན་སྟེང་བྱེད་ཐབས་གསར་པ་མངོན་པར་བྱེད་དགོས།    མཁར་གྲོང་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་ལེགས་བཅོས་བྱེད་པའི་རྣམ་པ་བཟང་བོ་མུ་མཐུད་དུ་སྲུང་འཛིན་བྱས་ཏེ་མཁར་གྲོང་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་རྒོལ་ཁ་ཕྱོགས་དམ་འཛིན་བྱེད་པ་དང་ཁུལ་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ།   མཁར་གྲོང་ཅན་གསར་པའི་འཛུགས་སྐྲུན་དང་བདེ་སྡོད་ལས་བརྩོན་དང་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མཁར་གྲོང་མཉམ་བསྲེས་འཕེལ་རྒྱས་ཐད་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་དགོས།   དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བའི་ངར་ཤུགས་བརྟན་པོ་རྒྱུན་ཆད་མེད་པར་སྲུང་འཛིན་བྱས་ཏེ་དམངས་ཚིས་བདེ་སྐྱིད་ཇེ་དྲག་ཏུ་གཏོང་བའི་འདེགས་སྐྱོར་གནས་གཅིག་སྡུད་བྱེད་པ་དང་ཡོང་འཕར་རྨང་གཞི་མུ་མཐུད་དུ་སྲ་བརྟན་དུ་གཏོང་བ།   དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་གཏོང་བ།   གནོད་རྗེས་བསྐྱར་འཛུགས་སླར་གསོའི་བྱ་བ་སྟོབས་ཤུགས་ཡོད་རྒུས་བཟང་བོར་བསྒྲུབ་པ་བཅས་བྱས་ཏེ་དམངས་ཚིས་འགན་སྲུང་དང་ལེགས་བཅོས་ཐད་མཐོར་འདེགས་གསར་པ་མངོན་འགྱུར་བྱེད་དགོས།   ཞིང་བའི་རྨོ་འདེབས་ཀྱི་དུས་ཚོད་མི་གཡོལ་བར་དཔྱིད་འདེབས་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་ནས་ཞིང་ལས་ལོ་ལེགས་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ཟེར།

ལྷ་མོ་ཚེ་རིང་གིས་བསྒྱུར།