ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་ཚན་ཆུང་བགོས་ནས་སྲིད་གཞུང་བྱ་བའི་སྙན་ཞུ་དང་འབྲེལ་ཡོད་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས།
2024.01.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ཟླ1ཚེས25ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་འཐུས་མིས། མུ་མཐུད་དུ་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས་པ་དང་། ལོ་ཧྲིལ་བོའི་འཆར་གཞིའི་སྙན་ཞུ་དང་སྔོན་རྩིས་སྙན་ཞུ། འབྲེལ་ཡོད་འཆར་ཟིན་བཅས་ལ་གྲོས་ཞིབ་བྱས།

འཐུས་ཚབ་ཚོགས་པ་སོ་སོའི་གྲོས་ཞིབ་ཚོགས་ར་རུ། ལས་རིགས་མི་འདྲ་བ་དང་ཁྱབ་ཁོངས་མི་གཅིག་པ་ནས་ཡོང་བའི་དམངས་ཆེན་གྱི་འཐུས་མི་ཚོས་གྲོས་ཞིབ་ནན་མོ་དང་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས་པར་མ་ཟད། རང་སོ་སོས་དོ་ཁུར་བྱེད་པའི་གླེང་གཞི་ལ་དམིགས་ནས་གྲོས་སྡུར་ཟབ་མོ་བྱས་ཏེ། གནད་དོན་ཐག་གཅོད་པ་དང་བྱ་བ་ལེགས་སྒྱུར་བྱེད་ཆེད་གྲོས་གཞི་དང་བསམ་འཆར་གནད་ལ་འཁེལ་བ་བཏོན། འཐུས་མི་ཚོས་ལང་ལོང་གིས་བསྟན་དོན། སྲིད་གཞུང་བྱ་བའི་སྙན་ཞུས་གསར་བ་དྲུག་ལ་བརྟེན་ནས་འདས་པའི་ལོ་གཅིག་གི་བྱ་བའི་གྲུབ་འབྲས་སྤྱི་སྡོམ་བྱས་པ་དང་། གཅིག་སྡུད་བརྒྱད་ལ་བརྟེན་ནས་ད་ལོའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས་ལ། དམིགས་འབེན་གཏན་ཁེལ་གསལ་བོ་བྱས་པ་དང་བྱེད་ཐབས་ཇེ་ཞིབ་ཏུ་བཏང་ཞིང་། ཆབ་སྲིད་སྟེང་མཐོ་ཚད་ཡོད་པ་དང་བྱ་བའི་སྟེང་ནུས་ཤུགས་ལྡན་པ། དམངས་ཚིས་སྟེང་དྲོད་ཁོལ་ལྡན་པ། དམིགས་འབེན་སྟེང་གནད་ལ་འཁེལ་བ། བཀོད་སྒྲིག་སྟེང་གཏིང་ཚད་ཡོད་པར་བྱས་ཏེ། ད་ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་སློང་བྱས་པ་དང་འབོད་སྐུལ་བསྒྲགས་ཡོད་ཟེར།

འཆར་གཞིའི་སྙན་ཞུ་དང་སྔོན་རྩིས་སྙན་ཞུ་ལ་གྲོས་ཞིབ་བྱེད་སྐབས། འཐུས་མི་ཚོས་བལྟས་ན། སྙན་ཞུ་གཉིས་ཀྱིས་ན་ནིང་གི་བྱ་བར་སྤྱི་སྡོམ་བྱས་པའི་ཐད་ནས་ནང་དོན་ཕུན་སུམ་ཚོགས་པ་དང་གཞི་གྲངས་ཞིབ་ཅིང་བདེན་ལ། ད་ལོའི་བྱ་བར་བཀོད་སྒྲིག་བྱས་པའི་ཐད་ནས་དངོས་གཉེར་ལེགས་ཞིབ་དང་ཚན་རིག་དང་མཐུན་ཞིང་ལུགས་དང་མཐུན། 2023ལོར། རྒྱལ་ཁབ་ཕྱི་ནང་གི་ཛ་དྲག་རྙོག་འཛིང་གི་འཕེལ་རྒྱས་ཁོར་ཡུག་དང་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་ཀྱི་ལས་འགན་ལྕི་མོརདམིགས་ནས། ཞིང་ཆེན་གོང་འོག་ཡོངས་ཀྱིས་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཤིང་། རང་འགུལ་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་ཞབས་འདེགས་ཞུས་པ་དང་དེའི་ཁྲོད་འདྲེས་པར་བྱས་ཤིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱིའི་ཆ་ནས་བསྐྱར་འཕར་ལེགས་སྤེལ་བྱུང་བ་དང་། འདོན་སྤྲོད་དགོས་མཁོ་བརྟན་བརླིང་ངང་ཇེ་ལེགས་སུ་སོང་ལ། ཚུལ་སྒྱུར་རིམ་སྤོར་ཏན་ཏིག་སྒོས་སྤེལ་བ་དང་། དམངས་ཚིས་འགན་སྲུང་ལ་རྒྱུན་མ་ཆད་པར་ཤུགས་བསྣན་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གོམ་སྟབས་བརྟན་པོ་བསྒྱུར།

འཐུས་མི་ཚོས་ལང་ལོང་གིས་བསྟན་དོན། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བའི་ལོ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཡིན་ལ། རང་ཞིང་ལོ་རྒྱུས་སྟེང་ཆེས་བཟང་བའི་འཕེལ་རྒྱས་ཀྱི་དུས་སྐབས་སུ་གནས་པ་དང་། འདེགས་སྐྱོར་གྱི་རྨང་གཞི་བརྟན་པོ་དང་འཕེལ་རྒྱས་ཀྱི་ཆ་རྐྱེན་བཟང་བོ་ལྡན། གོ་སྐབས་དམ་འཛིན་བྱེད་པ་དང་། ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ཁག་ཁུར་དངོས་གཉེར་བྱེད་པ་བཅས་བྱས་ན། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་ཐུབ་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་ཧུར་ཐག་གིས་འབྲི་བའི་སྐྱོད་ལམ་སྟེང་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་ཐུབ་པ་ཤ་སྟག་ཡིན་ཟེར།

རིན་ཆེན་མཚོས་བསྒྱུར།