མགོན་པོ་བཀྲ་ཤིས་སྲིད་གྲོས་གྲོས་ཚོགས་ཀྱི་དམངས་གཙོ་ཏང་ཁག་སོ་སོའི་ཚན་ཆུང་གི་གྲོས་སྡུར་ལ་ཞུགས།
2024.01.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཟླ1ཚེས24ཉིན་གྱི་ཕྱི་དྲོར།  ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི།   ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་དམངས་གཙོ་ཏང་ཁག་སོ་སོའི་ཚན་ཆུང་གི་གྲོས་སྡུར་ལ་ཞུགས།  ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།  ཀྲུང་གོ་དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝང་ཞོན་གྲོས་སྡུར་ལ་ཞུགས།

གྲོས་བསྡུར་གྱི་ཡུལ་དངོས་རྣམ་པ་ཧ་ཅང་བཟང་ཞིང་། ཨུ་ཡོན་རྣམས་ཀྱིས་དོན་དངོས་དང་ཟུང་འབྲེལ་གྱིས་མྱོང་ཚོར་གླེང་བ་དང་གྲོས་གཞི་བཏོན་ལ།   གནད་དོན་གལ་ཆེན་དང་དཀའ་གནད་ལ་དམ་པོར་དམིགས་ཏེ་བརྗེ་རེས་ཟབ་མོ་བྱས། མགོན་པོ་བཀྲ་ཤིས་ཀྱིས་ཉན་ཞོར་དུ་ཟིན་བྲིས་བཏབ་ལ།  དུས་ངེས་མེད་དུ་ཨུ་ཡོན་རྣམས་དང་བརྗེ་རེས་དང་གྲོས་བསྡུར་ཟབ་མོ་བྱས་ཏེ་འཕེལ་རྒྱས་ཀྱི་ཇུས་གཞི་བཟང་བོར་མཉམ་དུ་གྲོས་བསྡུར་བྱས།

མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར།   ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུའི་བརྗོད་དོན་འབུར་ཐོན་དང་སྒྲིག་གཞི་ནན་མོ།  བསམ་ཕྱོགས་གསལ་བོ།  དམིགས་འབེན་ཁ་གསལ་བཅས་ཡིན་པས། བབ་བསྟུན་མདུན་སྐྱོད་དང་ཡིད་ཆེས་ཆེར་སྐྱེད་ཀྱི་སྙན་ཞུ་བཟང་བོ་ཞིག་རེད།   སྙན་ཞུ་ཧྲིལ་བོར་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་གྱིས་ཁྱབ་ཡོད་པར་མ་ཟད།   ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད་པས། དེར་ཆབ་སྲིད་ཀྱི་མཐོ་ཚད་དང་དམངས་ཚིས་ཀྱི་དྲོད་ཁོལ་ཡོད་ལ།    ཞིང་ཆེན་སྲིད་གཞུང་གིས་རང་ཉིད་ལ་གནོན་ཤུགས་བྱིན་ཏེཁག་ཁུར་བྱེད་ཕོད་པའི་སྙིང་སྟོབས་མངོན་པར་བྱས་པ་དང་།   ཞིང་ཆེན་སྲིད་གཞུང་གིས་རྙོག་འཛིང་གི་གནས་བབ་ལ་གདོང་གཏོད་པ་དང་རྙོག་འཛིང་གི་གནད་དོན་ཐག་གཅོད་པའི་ངེས་ཤུགས་དང་སྙིང་རུས།  ནུས་པ་བཅས་མངོན་པར་བྱས་ཡོད་ལ།   སྐབས་གསར་བའི་སྲིད་གཞུང་གི་ལོ་གསར་བའི་བྱ་བ་སོ་སོའི་སྒུལ་ཤུགས་དང་གསོན་ཤུགས།  ཕན་ནུས་བཅས་ཀྱང་མཚོན་པར་བྱས་ཡོད།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན།  ན་ནིང་།   མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་དངོས་སུ་བཙུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གྲུབ་འབྲས་མངོན་གསལ་རེད།   ལས་དོན་དེ་གཉིས་ཀྱི་ཁྲོད་དུ་སྲིད་གྲོས་ཀྱིས་བྱེད་ནུས་གལ་ཆེན་འདོན་སྤེལ་བྱས་པ་དང་།   ལྷག་པར་དུ་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཤེས་ལྡན་མི་སྣ་དང་རིག་སྟོབས་ཀྱི་དགེ་མཚན་འདོན་སྤེལ་བྱས་ལ།  རང་འགུལ་གྱིས་བྱེད་ཐབས་སྤྱད་པ་དང་བློ་འདོན་ཇུས་འབུལ་བྱས།   བརྟག་དཔྱད་ལྟ་ཞིབ་དང་གྲོས་མོལ་སྲིད་གླེང་།  དམངས་གཙོ་ལྟ་སྐུལ་སོགས་ཀྱི་རྣམ་པ་བརྒྱུད་དེ་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་པ་དང་།   ཞིང་ཆེན་ཡོངས་ཀྱི་ལས་འགན་གཙོ་བོར་ཞབས་འདེགས་ཞུ་བ་དང་སྲིད་གཞུང་གི་བྱ་བར་རོགས་འདེགས་བྱེད་པའི་ཁྲོད་སྲིད་གྲོས་ཀྱི་རིན་ཐང་མངོན་པར་བྱས་ཡོད།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན།   སྲིད་གཞུང་བྱ་བའི་སྙན་ཞུའི་ཁྲོད་དུ་ཕྱོགས་བརྒྱད་ཐད་ཀྱི་བྱ་བ་གཙོ་བོ་གཏན་འཁེལ་གསལ་བོ་བྱས་ཡོད་ལ། དེ་ནི་སྲིད་གཞུང་བྱ་བའི་དམིགས་འབེན་ལས་འགན་དང་གཙོ་འབད་ཁ་ཕྱོགས་ཡིན་ལ།   སྲིད་གྲོས་བྱ་བའི་ངེས་གནས་རེའུ་མིག་དང་ཤུགས་འདོན་ས་ཡིན་པར་མ་ཟད།   སྲིད་གྲོས་ཨུ་ཡོན་ཡོངས་ལ་ལས་སྒྲུབ་ཀྱི་སྐུལ་མ་བཏང་བ་དང་སྒུལ་ཤུགས་ཇེ་དྲག་ཏུ་བཏང་བའང་ཡིན་པས།   ལས་འགན་གཙོ་བོར་རྒྱུས་ལོན་གཏིང་ཟབ་བྱེད་པའི་ཁྲོད་འགན་འཁྲི་ཁག་ཁུར་བཟང་བོ་བྱེད་པ་དང་།  སྲིད་གཞུང་བྱ་བའི་སྙན་ཞུའི་བཀོད་སྒྲིག་བླང་བྱར་དམ་དུ་དམིགས་ནས་སྲིད་གྲོས་ཀྱིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཀྱི་ཤུགས་འདོན་ས་དང་ཟུང་སྦྲེལ་བྱེད་གནས་ཡང་དག་པར་འཚོལ་བ།   གྲོས་མོལ་རྒྱ་ཆེར་སྤེལ་ཏེ་བློ་འདོན་ཇུས་འབུལ་བཟང་བོ་བྱེད་པ་དང་ནུས་ལྡན་བྱེད་ཐབས་འདོན་དགོས།   བྱ་བའི་བླང་བྱར་རྒྱུས་ལོན་ཟབ་མོ་བྱེད་པའི་ཁྲོད་སེམས་ཤུགས་གཅིག་སྡུད་བྱས་ཏེ་སྲིད་གྲོས་ཀྱི་མཛའ་འབྲེལ་བརྗེ་རེས་དང་མཐུན་སྦྱོར་འབྲེལ་བ།   འཆམ་མཐུན་ཡར་སྐུལ་བཅས་ཀྱི་ཁྱད་འཕགས་དགེ་མཚན་འདོན་སྤེལ་བཟང་བོ་བྱེད་པ་དང་།   བསམ་བློའི་ཁྲིད་སྟོན་དང་སྲིད་ཇུས་འགྲེལ་ཀློག   ཐུན་མོང་གི་འདུ་ཤེས་གཅིག་བསྡུ་སོགས་ཀྱི་བྱ་བ་མང་བོ་སྒྲུབ་སྟེ་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོར་བརྟེན་ནས་སྤྱི་མཐུན་གྱི་ཆ་ཆེ་རུ་བསྐྱེད་དེ།  ཧུར་ཐག་གིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་དྲང་ནུས་གཅིག་སྡུད་དང་སྒུལ་ཤུགས་གསར་སྣོན་བྱེད་དགོས།

ལྷ་མོ་ཚེ་རིང་གིས་བསྒྱུར།