ཁྲིན་ཀང་མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲངས་ཉུང་མི་རིགས་དང་ཆོས་ལུགས་ལས་རིགས་ཀྱི་མཉམ་འབྲེལ་ཚན་ཆུང་གི་གྲོས་སྡུར་ལ་ཞུགས།
2024.01.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

ཟླ1ཚེས25ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲངས་ཉུང་མི་རིགས་དང་ཆོས་ལུགས་ལས་རིགས་ཀྱི་མཉམ་འབྲེལ་ཚན་ཆུང་གི་གྲོས་སྡུར་ལ་ཞུགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་པ་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། རླབས་ཆེན་གྱི་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ཐད་ཀྱི་ངོས་འཛིན་ཇེ་མཐོར་གཏོང་བ། ཏང་གཅེས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་བོ་དར་སྤེལ་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་དྲང་ཕྱོགས་ཀྱི་ནུས་ཚད་གཅིག་ཏུ་བསྡུ་བ་དང་སྟོབས་ཤུགས་གསར་བ་འབུལ་དགོས་ཞེས་ནན་གྱིས་བསྟན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་འགོ་འཛིན་བྱས།

ཚོགས་ཐོག་ཏུ། ཨུ་ཡོན་མགོན་པོ་བཀྲ་ཤིས་དང་རྡོ་རྗེ་ཚེ་རིང་། མཱ་རུའུ་ཡུན། སྒར་བ་ངག་དབང་བཟང་བོ། བསོད་རྒྱལ་འབུམ། རྒྱལ་མཚན་མགོན་པོ། ཝང་ཧྭ་ཕིང་། ཐེན་ཀྲི་ཧུང་། ཤར་བསྟན་འཛིན་འཇིགས་མེད། དགེ་འདུན་བཟང་བོ་བཅས་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུ་ལ་དམིགས་ནས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ་། ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བ། གླིང་གེ་སར་རྒྱལ་བོའི་སྒྲུང་རིང་ཞིབ་འཇུག ཁུ་ནུ་རིག་གནས་སྔོག་འདོན། དགོན་སྡེ་དོ་དམ། གཞི་རིམ་བྱ་བ་དང་གྲོང་གསེབ་དར་སྤེལ་སོགས་ཕྱོགས་ནས་གཏམ་བཤད། ཁྲིན་ཀང་གིས་ནན་ཏན་སྒོས་ཉན་པ་དང་ཟིན་བྲིས་ཞིབ་མོ་བཏབ་ལ། མཚམས་རེར་ཞིབ་འདྲི་དང་བསམ་ཚུལ་བརྗེ་རེས་བྱས་པར་མ་ཟད། ཚང་མས་མུ་མཐུད་དུ་རང་སྟེང་གི་དགེ་མཚན་འདོན་སྤེལ་བྱེད་པ་དང་། མི་རིགས་ཆོས་ལུགས་བྱ་བའི་གནད་དོན་གཙོ་བོར་དམིགས་ནས། བརྟག་དཔྱད་ཞིབ་འཇུག་ཟབ་མོ་བྱེད་པ་དང་བློ་འདོན་ཇུས་འབུལ་གནད་ལ་འཁེལ་བ་བྱས་ཏེ། རང་ཞིང་གི་མི་རིགས་ཆོས་ལུགས་བྱ་བ་བཟང་བོར་སྒྲུབ་ཆེད་བློ་གྲོས་དང་སྟོབས་ཤུགས་འདོན་རྒྱུའི་སྐུལ་མ་བཏང་།

ཁྲིན་ཀང་གིས་སྐབས་གསར་བའི་སྲིད་གྲོས་ཀྱི་འགོ་ཁྲིད་ཚན་ཁག་དང་སྲིད་གྲོས་ཨུ་ཡོན་ཡོངས་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བཞག་པའི་བྱས་རྗེས་ལ་ཁས་ལེན་གང་ལེགས་བྱས། ཁོས་བཤད་རྒྱུར། མཚོ་སྔོན་དུ་མི་རིགས་མང་པོ་འདུས་སྡོད་དང་ཆོས་ལུགས་མང་པོ་མཉམ་གནས། རིག་གནས་མང་པོ་མཉམ་འདྲེས་བྱས་ཡོད་ལ། ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་མཉམ་འདྲེས་དང་རིགས་མང་གཞི་གཅིག་བྱས་པའི་དཔེ་མཚོན་རང་བཞིན་གྱི་ཞིང་ཆེན་ཡིན་པ་དང་། མི་རིགས་ཆོས་ལུགས་བྱ་བ་བཟང་བོར་སྒྲུབ་རྒྱུ་དེ་སྤྱི་ཡོངས་དང་ཡུན་རིང་བོ། གཞི་རྩ་བཅས་ལ་འབྲེལ་ཡོད་པས། རང་ཞིང་གི་མི་རིགས་ཆོས་ལུགས་བྱ་བའི་དམིགས་བསལ་རང་བཞིན་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། སྐབས་རིམ་པའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མི་རིགས་འགྲིག་མཐུན་དང་སྤྱི་ཚོགས་འཆམ་མཐུན། ཆོས་ལུགས་ཞི་མཐུན་བཅས་ལ་སྲུང་སྐྱོབ་བྱས་པའི་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། མི་རིགས་བར་ཕན་ཚུན་བརྩི་འཇོག་བྱེད་པ་དང་ཆོས་ལུགས་བར་ཕན་ཚུན་རྒྱུས་ལོན་བྱེད་པར་སྐུལ་འདེད་བཏང་སྟེ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དེ་གྲངས་ཀའི་ཐད་སྔོན་གྲས་སུ་བསྐྱོད་པ་ནས་དཔེ་སྟོན་སྣེ་ཁྲིད་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། རང་ཞིང་གི་མི་རིགས་ཆོས་ལུགས་བྱ་བའི་མདུན་དུ་ལྷགས་པའི་གནས་བབ་གསར་བ་དང་འགྲན་རྩོད་གསར་བར་ངོས་འཛིན་གང་ལེགས་བྱེད་པ་དང་། མཚོ་སྔོན་གྱིས་ཞིན་ཅང་དང་བོད་ཁུལ་བརྟན་འཇགས་སུ་གཏོང་བའི་ཐད་ཟིན་པའི་འཐབ་ཇུས་ཀྱི་གོ་གནས་སྟེང་རྐང་བཙུགས་ཏེ། མི་རིགས་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་གྱི་མི་རིགས་བྱ་བ་གཏིང་ཟབ་ཏུ་སྤེལ་བ། ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་སྔོག་འདོན་བྱེད་པ་དང་དར་སྤེལ་གཏོང་བ། ཆོས་ལུགས་ལས་རིགས་ཀྱིས་ཁྲིམས་ལྟར་ཕྱོགས་ཡོངས་ནས་ཆོས་ལུགས་སྐྱོང་བར་སྐུལ་འདེད་གཏོང་བ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་མཚོ་སྔོན་གྱི་ལག་ལེན་གཏིང་ཟབ་ཏུ་སྤེལ་ནས། བབ་བསྟུན་མདུན་སྐྱོད་ཀྱིས་མི་རིགས་ཆོས་ལུགས་བྱ་བ་བཟང་བོར་སྒྲུབ་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་ཐིག་ཏུ་བྱེད་པ་དང་། བྱ་སྤྱོད་དངོས་ཀྱི་སྟེང་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་གོང་བཀུར་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་གོང་བཀུར་བྱེད་པ། མཚོ་སྔོན་ལོ་རྒྱུས་སྟེང་ཆེས་བཟང་བའི་འཕེལ་རྒྱས་ཀྱི་དུས་སྐབས་སུ་གནས་པའི་གནས་བབ་བཟང་བོར་གཅེས་སྤྲས་བྱེད་པ། མི་རིགས་སོ་སོའི་ཐུན་མོང་གི་མཐུན་སྒྲིལ་ཡར་ཐོན་དང་ཐུན་མོང་གི་དར་རྒྱས་གོང་འཕེལ་གྱི་རྣམ་པ་ལེགས་པོར་གཅེས་སྤྲས་བྱེད་པ། ཁ་ཕྲལ་སྟོབས་ཤུགས་ཡོད་ཚད་ལ་མཐའ་གཅིག་ཏུ་འཐབ་རྩོད་བྱེད་པ། རིགས་སོ་སོའི་མང་ཚོགས་ཀྱིས་ཏང་གི་དྲིན་ལན་བསམ་པ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པར་སྣེ་ཁྲིད་བྱས་ཏེ། མཉམ་དུ་མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ཀྱི་ཁྱིམ་གཞི་དེ་སྔར་ལས་བདེ་སྐྱིད་དང་མཛེས་སྡུག་ལྡན་པར་འཛུགས་སྐྲུན་བྱེད་དགོས།

ཀྲུའུ་ཞང་ཧྥིན་དང་རིན་ཆེན་རྣམ་རྒྱལ། ལིའུ་ཏ་ཡེ། གསེར་ཁྲི.ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡུའེ་ཞང་། ཕིན་ཡིའུ་ཏུང་བཅས་གྲོས་སྡུར་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།