རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིང་དུ་གྲོལ།
2024.03.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 53

ཟླ3པའི་ཚེས2ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིང་དུ་གྲོལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་གྲོས་ཚོགས་གྲོལ་བའི་མཛད་སྒོར་འགོ་འཛིན་མཛད་དེ་གསུང་བཤད་གནང་།

ཝང་ཧུའུ་ཉིང་གིས་བསྟན་དོན། ལོ་གཅིག་གི་རིང་ལ། རྒྱལ་ཡོངས་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་དང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་རྒྱུན་འཁྱོངས་བྱས་ལ། མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་རྒྱུན་འཁྱོངས་བྱས་པར་མ་ཟད། མི་དམངས་སྲིད་གྲོས་ཀྱི་མི་དམངས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་པ་ལས་གཞན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཏན་ཏིག་བྱས། དེ་མིན་ད་དུང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལ་དམ་པོར་དམིགས་ཏེ་གྲོས་མོལ་སྲིད་གླེང་བྱས་པ་དང་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱས་ནས། མཐུན་སྒྲིལ་མཉམ་འབྲེལ་གྱི་ཁྱབ་རྒྱ་སྔར་ལས་ཆེར་སྐྱེད་བྱས་ལ། ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་སོགས་ཀྱི་ནུས་པ་སྔར་ལས་ཇེ་ཆེར་བཏང་བའི་དབང་གིས། སྐབས་རིམ་བྱུང་གི་རྒྱལ་ཡོངས་སྲིད་གྲོས་ཀྱིས་རྨང་གཞི་བརྟན་པོ་བཏིངས་པའི་སྟེང་དུ། སྐབས་གསར་པའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཀྱང་ལས་འགོ་ཡག་པོ་ཞིག་བརྩམས་ཡོད།

ཝང་ཧུའུ་ཉིང་གིས་ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བའི་ལོ་ཡིན་ལ། མི་དམངས་སྲིད་གྲོས་བཙུགས་ནས་ལོ75འཁོར་བའི་ལོའང་ཡིན་པས། སྲིད་གྲོས་ཀྱི་ལས་དོན་ཡག་པོར་བསྒྲུབ་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཡིན། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་ཡང་དག་པར་ཆུད་པར་བྱས་ནས། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང“ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་པ།བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། ཏང་གི་འགོ་ཁྲིད་དང་འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་དང་ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་པར་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་པ། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ།  འགོ་ཁྲིད་ལ་ཤུགས་སྣོན་པ་དང་འགན་འཁྲི་དོན་འཁྱོལ་བྱས་ནས། ཆབ་སྲིད་ཀྱི་རང་རྟོགས་ཆེན་པོ་དང་བསམ་པའི་འཁྱེར་སོ་བཟང་པོའི་ངོས་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་བྱ་བ་སྣ་ཚོགས་ཡག་པོར་སྒྲུབ་སྟེ། ཚོགས་ཆེན་རྒྱལ་ཁའི་ངང་བསྡུ་ཐུབ་པར་འགན་ལེན་བྱེད་དགོས་ཞེས་གསུངས།

མཇུག་བསྡུ་གྲོས་ཚོགས་སྟེང་དུ། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་རིམ་འཆར་ཟིན་དང་ཉིན་རེའི་གྲོས་རིམ་དང་། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ། སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་འཚོགས་པའི་ཚུན་གྱི་གྲོས་འདོན་བྱ་བའི་གནས་ཚུལ་སྙན་ཞུ་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བར་མ་ཟད། འབྲེལ་ཡོད་འཆར་ཟིན་དང་སྙན་ཞུ་གོ་རིམ་ལྟར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུ་རེད།

ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་དྲུང་ཡིག་ཆེན་མོ་དང་དྲུང་ཡིག་ཆེན་མོ་གཞོན་པའི་མིང་ཐོར་གྲོས་འཆམ་བྱུང་། ཚོགས་ཐོག་ནས་བློ་མཐུན་ཧོང་ལུས་ཞིན་གྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཨུ་ཡོན་གྱི་གོ་གནས་ཁུར་མཚམས་འཇོག་རྒྱུའི་རེ་ཞུ་དང་ལེན་བྱེད་པའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་བ་དང་། བློ་མཐུན་ཀྲང་ཞའོ་མེན་གྱི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་དྲུང་ཡིག་ཆེན་མོ་གཞོན་པའི་ལེན་རྒྱུའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་། ཚོགས་ཐོག་ནས་ཝུའུ་ཡན་ཧྲིན་དང་ལིག་ཧྲི་ཆོན། ཝང་ཁྲང་ཆིན། ཝང་ཞའོ་ཅུན་བཅས་ཀྱི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཨུ་ཡོན་གྱི་ཐོབ་ཐང་མེད་པར་བཟོ་རྒྱུའི་སྐོར་གྱི་གཏན་འབེབས་ཁས་ལེན་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།