ཧན་ཀྲིན་ཧྲན་ཏུང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
2024.03.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ3ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་ཁོ་ཡོད་སའི་ཧྲན་ཏུང་འཐུས་ཚབ་ཚོགས་པར་སོང་ནས། འཐུས་མི་ཚོ་དང་མཉམ་དུ་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་ཚེས5ཉིན་གྱི་ཕྱི་དྲོར་ཁོ་ཡོད་སའི་ཧྲན་ཏུང་འཐུས་ཚབ་ཚོགས་པར་སོང་ནས། འཐུས་མི་ཚོ་དང་མཉམ་དུ་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས།

འཐུས་མིའི་གཏམ་བཤད་ལ་ཉན་རྗེས། ཧན་ཀྲིན་གྱིས་བཤད་རྒྱུར། ཙུང་ལི་ལིས་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ལ་ཧ་ཅང་འཐད་པ་ཡིན་ཟེར།

ཧན་ཀྲིན་གྱིས་བལྟས་ན། འདས་པའི་ལོ་གཅིག་གི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་པ་དང་། ཕྱི་ཕྱོགས་ཀྱི་གནོན་ཤུགས་ཐེག་ཐུབ་པ་དང་ནང་ཁུལ་གྱི་དཀའ་ཁག་ཁྱད་སེལ་བྱས་ནས། པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་གྱི་བརྟན་བརླིང་མཚམས་སྒྱུར་མངོན་འགྱུར་བྱས་པ་དང་། དཔལ་འབྱོར་སྤྱིའི་ཆ་ནས་བསྐྱར་འཕར་ཇེ་ལེགས་སུ་སོང་ལ། ལོ་ཧྲིལ་བོའི་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་བརླིང་ངང་སྤེལ་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་གོམ་སྟབས་བརྟན་པོ་བསྒྱུར། གྲུབ་འབྲས་ལེན་སླ་མོ་ཞིག་མིན་པ་དང་། དེ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་མཇུག་འབྲས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་གི་མཛུབ་ཁྲིད་ཀྱི་མཇུག་འབྲས། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་མཇུག་འབྲས་ཡིན།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བའི་ལོ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པའི་གནད་འགག་གི་ལོ་གཅིག་ཡིན་པས། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པ། ཏང་ཀྲུང་དབྱང་གི་མིག་སྔའི་གནས་བབ་ཐད་ཀྱི་ཚན་རིག་གི་བརྡར་གཅོད་སློབ་སྦྱོང་ནན་མོ་བྱེད་པ་དང་དེར་གོ་བ་ཟབ་མོ་ལེན་པ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ། སྟོབས་ཤུགས་ཡོད་རྒུས་བྱ་བ་སྣ་ཚོགས་ལག་བསྟར་བྱེད་པ་དམ་འཛིན་བྱེད་པ། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཧུར་ཐག་གིས་ཡོངས་འགྲུབ་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། དེང་སྐབས་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་སྒོས་འཕེལ་འགྱུར་འབྱུང་བཞིན་ཡོད་པ་དང་། འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་འགྲན་རྩོད་མཉམ་གནས་ཡིན་པས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་བརྗེ་རེས་བཟང་བོ་མངོན་འགྱུར་བྱེད་པ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྤེལ་ལ་སྐུལ་འདེད་བཏང་ནས། ཐོན་སྐྱེད་ནུས་ཤུགས་གསར་མ་མྱུར་དུ་འཕེལ་རྒྱས་སུ་གཏོང་དགོས། རྒྱལ་ནང་རྒྱལ་སྤྱིའི་སྤྱི་ཡོངས་ལ་གཅིག་འདོམས་བྱེད་པ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་དེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས།

ཧན་ཀྲིན་གྱིས་ཧྲན་ཏུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རྩ་བའི་གཞི་འཛིན་ས་རུ་བྱེད་པ་དང་། མདུན་དུ་བསྐྱོད་པ་དང་རྣམ་པ་གསར་བ་བཏོད་པར་དམིགས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཧྲན་ཏུང་གི་ལག་ལེན་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བཏོན།

རིན་ཆེན་མཚོས་བསྒྱུར།